十月 30 B-སྐབས་དྲུག་པ། སྔ་འགྱུར་རྙིང་མའི་ཆོས་སྡེ་ད་བཞུགས་གཙོ་བོ་རྣམས་དང་གདན་རབས་བརྗོད་པ། Posted by kathog on 十月 30th, 2026 at 12:01 上午 B-སྐབས་དྲུག་པ། སྔ་འགྱུར་རྙིང་མའི་ཆོས་སྡེ་ད་བཞུགས་གཙོ་བོ་རྣམས་དང་གདན་རབས་བརྗོད་པ། ཀཿ་ཐོག་མཁན་ཆེན་ཐུབ་བསྟན་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་གྱིས་བརྩོམས། ཁྱད་པར་དབུས་སུ་རྡོར་སྨིན་གཉིས་ཞེས་ཡོངས་སུ་གྲགས་པ་ལས། དང་པོ་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་བརྒྱུད་དང་གདན་རབ་ནི། མཆོག་གི་སྤྲུལ་སྐུ་ཉང་གུར་བྱང་གསུམ་ཞེས་པའི་ནང་ཚན་བྱང་བདག་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན། དེའི་སྲས་རྣམ་རྒྱལ་མགོན་པོ་ནས་སྔགས་འཆང་རྡོ་རྗེ་དཔལ་བ་དང་། རྡོ་རྗེ་མགོན་པོ་སྟེ་རྡོ་རྗེ་རྣམ་གཉིས། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། སྔགས་འཆང་ཆོས་རྒྱལ་བསོད་ནམས། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིག་འཛིན་ཡོལ་མོ་གཏེར་སྟོན་ཤཱཀྱ་བཟང་པོ། དེའི་སློབ་མ་མངའ་རིས་སྐུ་མཆེད་གཉིས་བྱོན་པ་ལས། པན་ཆེན་པདྨ་དབང་རྒྱལ་རྡོ་རྗེ་ནི། གློ་བོ་མ་ཐང་གི་ཡུལ་དུ་ཡབ་མཁས་གྲུབ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་ཡུམ་འགྲོ་ལྕམ་མའི་སྲས་སུ་རབ་བརྒྱད་མེ་ལུག་ལོ་སྐུ་བལྟམས། མཚན་པདྨ་དབང་རྒྱལ་གསོལ། ཆུང་ནས་ཡབ་ལས་དགེ་བསྙེན་དང་། བྱང་ཆུབ་སེམས་སྡོམ་དང་རྒྱུད་གསང་བ་སྙིང་པོ་སོགས་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་དང་དབང་བཀའ་རྣམས་གསན། སློབ་དཔོན་ནོར་བསྟན་བཟང་པོ་སོགས་ལས་མདོ་ཕྱོགས་དང་འཇམ་དབྱངས་ཆོས་སྐྱོངས་དང་ཚུལ་ཁྲིམས་དཔལ་སོགས་ལས་གཤིན་རྗེ་གཤད་དམར་པོའི་དབང་སྒྲུབ་གསན། སླར་ཡང་ཡབ་རྗེ་ལས་མདོ་དབང་དང་བཀའ་བརྒྱད་སོགས་བཀའ་གཏེར་མང་པོའི་སྨིན་གྲོལ་དང་གློ་བོ་ལོ་ཙཱ་ལས་ལམ་འབྲས་སོགས་གསན། མཁན་བསོད་ནམས་ལྷུན་འགྲུབ་ལས་བསྙེན་པར་རྫོགས། གསར་རྙིང་གི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་སྤྱི་དང་། ཁྱད་པར་གསང་བ་སྔགས་ཀྱི་རྒྱུད་བཤད་དབང་བསྐུར་རྣམས་མནོས། གསར་རྙིང་གི་ཆོས་བརྒྱུད་ཉམས་པ་རྣམས་གསོ་བའི་ཐུགས་བསྐྱེད་ཀྱིས་དབུས་སུ་བྱོན་པའི་ལམ་ཞོར་དུ་མེས་སྟོན་ནམ་མཁའ་རྒྱལ་མཚན་སོགས་མཁས་གྲུབ་མང་པོ་དང་མཇལ་ནས་ཆོས་སྐྱེས་འབུལ་རེས་མཛད། ལྷ་སའི་ཇོ་ཤཱཀ་མདུན་མཆོད་འབུལ་རྟེན་མཇལ་དང་། བསམ་ཡས་བར་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གནང་། ཀཿ ཐོག་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་མོང་པོ་ལས་དབང་གདམས་མན་ངག་ཆོས་རྒྱུན་སྤེལ་ལེན་དང་། ཆོས་བཀའ་མང་པོའི་བསྟན་རྒྱུན་ཞལ་གསོ་རྒྱ་ཆེར་མཛད། རྩ་གསུམ་ལྷ་ཚོགས་མང་པོའི་ཞལ་གཟིགས། སྒྲུབ་གནས་མང་པོར་སྔ་ཕྱིར་བསྙེན་སྒྲུབ་རྟགས་ཐོན་གྲུབ་པ་དང་། མངའ་རིས་ནས་དབུས་གཙང་བར་གྱི་སྐལ་ལྡན་གདུལ་བྱ་མང་པོ་ལ་སྨིན་གྲོལ་གྱི་དགའ་སྟོན་འགྱེད། རང་ལུགས་ཀྱི་རྒྱུད་བཤད་འཆད་ཉན་རྒྱ་ཆེར་གནང་། ཁྱད་པར་བཀའ་བརྒྱད་བདེ་འདུས་ཁོ་ནའང་དོན་གཉེར་ཆེན་པོས་ཚར་ཉི་ཤུ་རྩ་ལྔ་གསན་ནས་སླར་ཡང་སྨིན་གྲོལ་ཕྱོགས་མེད་སྤེལ། དག་པའི་སྣང་བ་འབྱམས་སུ་ཀླས། འགྲོ་དོན་དང་ཕྲིན་ལས་རྒྱས་བཞིན་པར་འབྲི་གུང་རིན་ཆེན་ཕུན་ཚོགས་བསམ་ཡས་སུ་གདན་དྲངས་ནས། པཎ་ཆེན་སྐུ་མཆེད་གཉིས་དང་ལྷན་ནས་བསམ་ཡས་ལ་རབ་གནས་མཛད་དེ་བོད་ཁམས་ཡུན་དུ་བདེ་བའི་རྟེན་འབྲེལ་བསྒྲིགས་སོ། དེ་ནས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འདི། མདོ་སྔགས་གསར་རྙིང་མེད་པའི་བསྟན་པ་ཡངས་སུ་རྫོགས་པའི་བཤེས་གཉེན། བཞོན་པ་དང་འཇོལ་བེར་སོགས་ཀྱི་འཚོ་ཆས་སྤངས་བས་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་ཞུགས་པའི་བསོད་སྙོམ་པ་ཆེན་པོ། ཞེན་ལོག་དང་དཀའ་སྤྱད་ཁུར་དུ་བཟོད་པས་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག རིག་དང་སྤོབས་པ་བསམ་གྱི་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་དགེ་འདུན་པ་ཆེན་པོ་སྟེ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེ་ཞིང་སྔ་འགྱུར་བཀའ་གཏེར་གཉིས་ཀའི་ཕྱོགས་ལས་བཀའ་དྲིན་བསམ་གྱིས་མི་ཁྱབ། ཚིག་ཉུང་ལ་དོན་འདུས་པའི་བསྟན་བཅོས་སྡོམ་གསུམ་རྣམ་ངེས་སོགས་མཛད་ཕྲིན་ཕྱི་མཐའི་བར་དུ་བླ་ན་མཐོ་བ་དེ་འོན་སྨོན་ཐང་དུ་ཟངས་མདོག་དཔལ་གྱི་རི་བོར་གཤེགས་སོ། ། དེའི་སྐུ་མཆེད་རིག་འཛིན་རྒོད་ལྡེམ་གྱི་སྐྱེ་སྲིད་གཉིས་པ་རིག་འཛིན་ལེགས་ལྡན་རྡོ་རྗེ་ནི། ཡབ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། སྔགས་འཆང་ཤཱཀྱ་བཟང་པོ་སོགས་ལས་བཀའ་ཆོས་མང་དུ་གསན། མངའ་རིས་ནས་ཀོང་པོ་ཡན་གྱི་མཁས་གྲུབ་མང་པོའི་ཞབས་ལ་བཏུགས་ནས་བཀའ་གཏེར་མན་ངག་རྒྱ་མཚོའི་བདག་པོར་གྱུར། དྲག་པོ་དབུ་དགུའི་ཆོས་སྐོར་སོགས་ཟབ་གཏེར་མང་དུ་བཞེས། གསར་རྙིང་གི་སྐྱེས་ཆེན་ཡོངས་སུ་གྲགས་པ་རྣམས་ནས་ཉམ་ཆུང་རི་ཕུག་འཛིན་པ་ཡན་ཆད་ཀྱི་ཞལ་སློབ་གྲངས་ཀྱི་མི་ཆོད་པ་ལ་བྱང་གཏེར་གཙོ་བོར་གྱུར་པའི་ཆོས་འཁོར་རྒྱ་ཆེར་བསྐོར་བཞིན་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་སོ།། །། དེའི་སློབ་མ་པདྨ་དབང་རྒྱལ་དེ་མ་ཐག་པ་དཔལ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ནི་རིག་འཛིན་ལེགས་ལྡན་པ་དང་། འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་སོགས་རིས་མེད་ཀྱི་མཁས་གྲུབ་རྣམས་ལས་གསར་རྙིང་གི་ཆོས་མོང་པོ་གསན་པས་མཁྱེན་རབ་ཕྱོགས་མེད་དུ་རྒྱས། བསམ་ཡས་ཨརཡཱ་པ་ལོའི་གླིང་སོགས་ལས་གཏེར་ཁ་མང་དུ་ཐོན། དབུས་གཙང་ལྷོ་བྲག་ཁམས་ཀོང་རྣམས་སུ་ཆོས་ཀྱི་ཕྲིན་ལས་སྐྱོང་། ཁྱད་པར་རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་གྱི་ཁྲིད་རྒྱུན་ཉམས་གསོའི་ཐུགས་བཞེད་ཀྱི་ཀཿ ཐོག་ཏུ་ཕེབས་ནས་བུ་འབོར་བཀྲ་ཤིས་རྒྱ་མཚོ་ལས་གསན་ཏེ་སླར་ཡང་སྤེལ་བར་མཛད་པ་སོགས་ཀྱིས་མཚོན་བཀའ་གཏེར་བསྟན་པའི་སྙིང་པོ་རྒྱ་ཆེར་སྤེལ་བར་མཛད། རྗེ་དེའི་སྐབས་སུ་གུ་རུ་ཨེ་ཝཾ་ལྕོག་སྒར་ཞེས་པའི་གྲྭ་ཚང་ཞིག་བྱུང་བ་ལས་ཕྱིས་རྡོ་རྗེ་བྲག་གི་ཆོས་སྡེ་འདི་བྱུང་བའོ།། །། དེ་ནས་གདན་རབ་དངོས་ཀྱི་ཐོག་མ་ལེགས་ལྡན་རྗེའི་ཡང་སྲིད་རྒོད་ལྡེམ་གསུམ་པ་རིག་འཛིན་ངག་གི་དབང་པོ་སྟེ། དེའང་བཀྲ་ཤིས་སྟོབས་རྒྱལ་གྱི་སྲས་སུ་ལྕགས་འབྲུག་ལོར་འཁྲུངས། འབྲི་གུང་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་འཕུལ། མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པར་གསོལ། ཡབ་རྗེ་ལས་ཆོས་བཀའ་བུམ་པ་གང་བྱོར་གསན་པས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། ཤེལ་བྲག་སོགས་གནས་ཆེན་རྣམས་སུ་ཐུགས་དམ་བསྙེན་སྒྲུབ་མཛད་པས་ལྷག་ལྷ་མང་པོའི་ཞལ་གཟིགས། རྡོ་རྗེ་ཆོས་སྲུང་རྣམས་བྲན་དུ་བཀོལ། སྐབས་ཞིག་ཁམས་ཀཿ ཐོག་ཏུ་བྱོན་ནས་ཨ་རྡོ་དཀོན་མཆོག་སེངྒེ་ལས་དགོངས་པ་ཟང་ཐལ་གྱི་ཁྲིད་གསན། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་ཐོག་མར་བཏབ་སྟེ་སྔ་འགྱུར་བསྟན་པའི་གཞི་མ་འཙུགས། འཁོར་ལོ་གསུམ་གྱི་མཛད་པ་གོང་འཕེལ་དུ་གྱུར། སྐུ་ཚེའི་མཐར་སྲས་ཀྱི་ཐུ་བོ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་གདན་ས་གནང་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས།། །། རྒོད་ལྡེམ་བཞི་པ་ཞབས་དྲུང་ཀུན་བཟང་པདྨ་ཕྲིན་ལས་ནི། མོན་མཁར་རྣམ་སྲས་གླིང་དུ་འཁྲུངས། ཟུར་ཆེན་ཆོས་དབྱིང་རང་གྲོལ་དང་། རྒྱལ་དབང་ལྔ་པ་རིན་པོ་ཆེ་སོགས་བསྟེན་ནས་མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། ཀུན་ཆེན་ལྔ་པ་མཆོག་གི་ལུང་གིས་བསྐུལ་ཏེ་ཁྲ་ཚང་པ་བློ་མཆོག་རྡོ་རྗེ་ལས་མདོ་དབང་བཀའ་གཏད་བཅས་གསན་ནས་རྗེས་སུ་ཟུར་ཧཾ་ལས་བརྒྱུད་པའི་བཀའ་སྲོལ་དམྱལ་བའི་ཡིག་ཆ་ལ་གཞིར་གཟུང་ནས་འདུས་པ་མདོའི་དབང་ཆོག་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཀའ་རྩོམ་དང་འབྲེལ་སྨིན་གྲོལ་གཏད་རྒྱ་དང་བཅས་པ་ལན་མང་གསུང་ཞིང་དགུང་ལོ་དོན་བདུན་བར་བཞུགས་ནས་བཀའ་གཏེར་གཉིས་ཀའི་ཕྱོགས་སུ་སྨན་ཡོན་ཆེན་པོ་གནང་། བཤད་སྒྲུབ་ལས་གསུམ་གྱིས་མཛད་ཕྲིན་འགྲན་ཟླ་དང་བྲལ་བར་སྤེལ་བཞིན་པའི་མཐར་ཡིད་སྲུབས་བདག་པོའི་དཔུང་གིས་རྐྱེན་གྱིས་གཤེགས་སོ།། །། དེའུ་ཡང་སྲིད་རྒོད་ལྡེམ་ལྔ་པ་བསྐལ་བཟང་པདྨ་དབང་ཕྱུགས་སྤོ་འབོར་སྒང་གི་ནང་ཚན་ཉག་རོང་ལྕགས་མདུད་པའི་མི་བརྒྱུད་ལས་འཁྲུངས། ཐུབ་བསྟན་རྡོ་རྗེ་བྲག་གི་བཤད་སྒྲུབ་ཉམས་གསོ་ཕུལ་དུ་བྱུང་བར་མཛད། སྔ་འགྱུར་བསྟན་པའི་གསལ་བྱེད་དུ་གྱུར་ཞིང་། དགོངས་གཏེར་དག་སྣང་གི་སྐོར་ཡང་རྒྱ་ཆེར་ཡོད་དོ།། །། དེའི་སྤྲུལ་སྐུ་རྒོད་ལྡེམ་དྲུག་པ་ཀུན་བཟང་འགྱུར་མེད་ལྷུན་འགྲུབ་རྡོ་རྗེ་དར་མདོ་ལྕགས་ལའི་རྒྱལ་ཁབ་དང་ཉེ་བ་གསེར་ཏོག་ཞེས་པར་བལྟམས། དག་སྣང་ལུང་བསྟན། འཁོར་ལོ་གསུམ་གྱི་མཛད་པ་ངོ་མཚར་ཆེ་བ་གནང་།། །། དེའི་སྤྲུལ་སྐུ་རྒོད་ལྡེམ་བདུན་པ་ངག་དབང་འཇམ་དཔལ་མི་འགྱུར་ལྷུན་འགྲུབ་རྡོ་རྗེ་མོན་མཁར་རྣམ་སྲས་གླིང་དུ་འཁྲུངས་ནས་ཐུབ་བསྟན་རྡོ་རྗེ་བྲག་གི་བསྟན་པ་བྱ་བ་རྒྱ་ཆེན་པོ་གནང་།། །། དེའི་སྤྲུལ་སྐུ་རྒོད་ལྡེམ་བརྒྱད་པ་པདྨ་དབང་རྒྱལ་དང་། དགུ་པ་རིག་འཛིན་མཉམ་ཉིད་རྡོ་རྗེ། བཅུ་པ་རྣམ་གྲོལ་རྒྱ་མཚོའུ་བར་རིམ་བྱོན་པ་རྣམས་མཁས་བཙུན་གྲུབ་པའི་རྣམ་ཐར་མངའ་ཞིང་གསང་ཆེན་སྔ་འགྱུར་རྙིང་མའི་བཀའ་གཏེར་ཡོངས་ཀྱི་ཕྲིན་ལས་འཛད་པ་མེད་པ་སྟོད་མངའ་རིས་ནས་སྨད་རྒྱ་ནག་ཡན་གྱི་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པ་དང་། གཞན་ཡང་ཆོས་སྡེ་འདུའི་བསྟན་པའི་གསལ་བྱེད་ཡོལ་མོ་དང་། རྒྱལ་སྲས། ལྷོ་བྲག་ནམ་མཁའི་སྙིང་པོ་སོགས་དམ་པའི་སྐྱེས་དུ་མས་ཀྱང་སྐྱོང་བར་མཛད་པ་ལས་སྔ་འགྱུར་རྙིང་མར་གྲགས་པ་ཀུན་གྱི་རྒྱན་དུ་གྱུར་པའོ།། །། 發表迴響 取消回覆 抱歉,您必須要登入才能發表迴響喔! |
|