四月
18

༄༅། །ཀཿ ཐོག་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།

Posted by kathog on 四月 18th, 2025 at 11:16 下午

༄༅། །ཀཿ  ཐོག་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།

རྩོམ་པ་པོ། བསོད་ནམས་ཚེ་བརྟན།

 

噶陀司徒鄔金卻吉加錯行傳簡述

索南冊鄧  著

 

ཀཿ  ཐོག་སི་ཏུ་སྐྱེ་ཕྲེང་གསུམ་པ་ཀུན་མཁྱེན་མཧཱ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ནི། ཀཿ  ཐོག་རྡོ་རྗེ་གདན་གྱི་བྱང་ཤར་གཏེར་ཀླུང་དེའུ་མགོ་ཞེས་གྲགས་པའི་ས་ཆའི་ཆ། སྔར་རྨོག་རྩ་ཆོས་དབྱིངས་རྡོ་རྗེ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འཁྲུངས་པའི་ཁྱིམ་གཞིས་དེར་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག(སྤྱི་ལོ1880)ལོར་སྐུ་འཁྲུངས།

པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་རྣམ་གཉིས་ནས་གཙུག་ཕུད་བཞེས་ཏེ། བདེན་ཚིག་གྲུབ་པའི་ཞབས་བརྟན་དང་མཚན་འབུལ་གནང་། དབང་དང་བྱིན་རླབས་མཛད།

ཆོས་དབྱིངས་དགྱེས་པའི་རྟགས་མཚན་དང་བཅས་ཀཿ  ཐོག་གི་གདན་སར་དྲངས། དགེ་བའི་བཤེས་གཉེན་ཐུབ་བསྟན་རིག་འཛིན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན། ཁོང་གི་མདུན་ནས་ཡི་གེ་འབྲི་ཀློག་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིར་པར་མཛད།

 

རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། འཇམ་མགོན་ཀོང་སྤྲུལ་རྡོ་རྗེ་འཆང་ལ་སོགས་པའི་རིས་མེད་ཀྱི་སྐྱེས་ཆེན་བཅུ་ཕྲག་བརྒྱད་ལས་བརྒལ་བ་ལ། བོད་གངས་ཅན་ན་བཞུགས་སོ་ཅོག་གི་བཀའ་དང་བསྟན་བཅོས་སྤྱི་དང་། བྱེ་བྲག་བོད་ཡུལ་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་གདམས་སྲོལ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་བརྒྱུན་བཞུགས་སོ་ཅོག་མ་གསན་པ་མེད་པ་ལྟ་བུ་མཛད། ཁྱད་པར་རྗེ་མཁྱེན་བརྩེའི་དབང་པོས་དགོངས་གཏད་དང་བྱིན་རླབས་མཛད་པས་དོན་བརྒྱུད་ཀྱི་རྟོགས་པ་དངོས་སུ་བརྙེས།

སྐུ་ཞབས་ཡོན་ཏན་མགོན་པོ་དང་། ཛཿསྤྲུལ་རིན་པོ་ཆེ་གཉིས་ལས། ཀློང་གསལ་རྡོ་རྗེ་སྙིང་པོའི་ཉམས་ཁྲིད་གནས་ལུགས་རིག་པའི་ངོ་སྤྲོད་བརྒྱུད་པའི་ཕྱག་བཞེས་བཞིན་གསན། འཇམ་དཔལ་དབྱངས་དངོས་མི་ཕམ་ཆོས་རྗེ་ལས་བྱམས་ཆོས་སྐོར་དང་། དབུ་མ་སོགས་རྒྱ་བོད་ཀྱི་གཞུང་མང་པོ་གསན་སྦྱོང་མཛད་དེ། སྔ་འགྱུར་རང་ལུགས་ཀྱི་ལྟ་གྲུབ་ལ་གཞན་གྱིས་མི་འཕྲོག་པའི་སྤོབས་པ་རྙེད།

 

དེ་ལྟར་ཐོས་བསམ་སྒོམ་པའི་རྩལ་ཆེན་ཡོངས་སུ་རྫོགས་ནས། ཕྱོགས་མེད་ཀྱི་གདུལ་བྱ་འདུལ་ཞིང་དཀར་པོའི་འཕྲིན་ལས་སྒྲུབ་པའི་ཚུལ་ལ་ཡང་། རྒྱལ་རོང་དང་། འགུ་ལོག ཉག་རོང་། གོ་བྲག འཇང་ཡུལ། རྒྱ་ནག་རི་བོ་བྱ་རྐང་། ཁ་བ་དཀར་པོ་ཡན་ཆད་ཀྱི་གནས་ཆེན་རྣམས་སུ་བྱོན་ནས། གནས་འབྲེལ་གསོལ་སྨོན་དང་། བསྟན་དགོན་རྣམས་ལ་སྲི་ཞུ་དང་ཆོས་འབྲེལ། གཞན་མཐོང་ཐོས་དྲན་རེག་གི་སྐྱེ་དགུ་རྣམས་ལ་འབྲེལ་ཚད་དོན་ལྡན་དུ་མཛད། ཁྱད་པར་དབུས་གཙང་གནས་སྐོར་ཕེབས་པའི་ལམ་ཞོར་གྱི་གནས་རྟེན་ཁྱད་འཕགས་དང་། སྒྲུབ་གནས་བྱིན་ཅན། དགོན་སྡེ། ལྷ་རྟེན་ཡོངས་ལ་མཆོད་འབུལ་སྨོན་འདེབས་ཞིབ་རྒྱས་གནང་།

 

ཀཿ  ཐོག་ཏུ་འཇམ་མགོན་རྡོ་རྗེ་འཆང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་གཉིས་སྤྱན་དྲངས་ནས། བསྟན་འགྲོ་སྤྱིའི་ཞབས་རིམ་ཕུར་ཁང་ཆེན་མོའི་ལྷ་ཁང་དུ་སྒྲུབ་གྲྭ་བཙུགས།

མེ་རྟ(སྤྱི་ལོ1906)ལོར་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཐུགས་བསྐྱེད་བཞིན། གཞུང་བརྒྱའི་བཤད་སྒྲུབ་ནོར་བུའི་ལྷུན་པོ་གསར་དུ་བཏབ་ནས། བོད་གངས་ཅན་གྱི་ལྗོངས་འདིར་མཁན་སློབ་ཆོས་གསུམ་གྱི་རང་ལུགས་དྲི་མ་མེད་པ་སྐལ་སྡེ་ཟུར་པ་ཡབ་སྲས་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས། འཇམ་མགོན་མི་ཕམ་ཆོས་རྗེ་སོགས་སྔ་འགྱུར་མཁས་གྲུབ་རིམ་བྱོན་རྣམས་ཀྱི་ཐུན་མོང་མིན་པའི་བཤད་སྲོལ་བཀའ་འཁོར་མདོ་སྔགས་ཡོངས་ཀྱི་ཟབ་གནད་འགལ་མེད་དུ་ཉམས་སུ་ལེན་པ་ལ་གཞན་དྲིང་མི་འཇོག་པའི་ལྟ་གྲུབ་ཀྱི་རྐང་ཚུགས་པ་འཆད་ཉན་རྨད་དུ་བྱུང་བའི་རྒྱུན་ཕྱོགས་མེད་དུ་ཁྱབ་པ་དང་། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་གྱི་བཀའ་གཏེར་སྤྱི་དང་། དཔལ་ལྡན་དུས་ཀྱི་འཁོར་ལོ་ཇོ་ལུགས་ཀྱི་སྒྲུབ་པ་སོགས་ལོ་ལྟར་ཆད་མེད་འཛུགས་པའི་རྟེན་ཐེབས་དང་ཕྱག་ལེན་སོགས་ཀུན་གྱི་ཡིད་སྨོན་དུ་གྱུར་པ་དང་། གཞན་ཡང་ཕྱོགས་ཀྱི་དགོན་ལག་ཆེ་ཕྲ་དུ་མར་རྒྱུད་གསང་བ་སྙིང་པོ་སོགས་བཀའ་གཏེར་གྱི་སྒྲུབ་མཆོད་ཤིན་ཏུ་མང་པོའི་རྟེན་ཐེབས་རྒྱུན་འཇགས་གནང་།

 

ཀཿ  ཐོག་གི་འདུ་ཁང་ཆེན་མོའི་རྟེན་དང་བརྟེན་པ་བཅས་ལ་ཉམས་གསོ་དང་། ལྡེབས་རིས། བཟང་གོས་ནམ་ལྡན་སྣ་ཚོགས་དང་། རིན་པོ་ཆེའི་རིགས་དུ་མ་ལས་མཆོད་རྫས་དང་། སྒྲུབ་ཆས་སོགས་སུས་ཀྱང་འགྲན་མི་བཟོད་པ་དང་། རྒྱ་དཀར་ནག་གི་ལི་མ་དང་། རིན་པོ་ཆེ་དུ་མ་ལས་གྲུབ་པའི་བརྡུང་མ་དང་། བླུགས་མ་སོགས་མདོ་དང་སྔགས་ཀྱི་དཀྱིལ་འཁོར་ཕལ་ཆེ་བའི་བླ་བརྒྱུད་དང་། རྒྱུད་སྡེ་མང་པོའི་ལྷ་གྲངས་ཡོངས་རྫོགས་བཅས་ཀྱི་སྐུ་རྟེན་ཆེ་བ་མི་ཚད་ནས་ཆུང་བ་སོར་བརྒྱད་ཡན་ཆོད་ཡོད་པའི་སྐུ་འདྲ་སྟོང་ཕྲག་ལས་བརྒལ་བར་བཞུགས་པའི་གསེར་ཁང་དང་། ཐུབ་པའི་གོས་ཐང་ཆེན་མོ་འདོམ་སུམ་ཅུ་ཡོད་པ་སོགས་གསར་བཀོད་ཀྱི་ཐང་ག་སྒྲོས་གཙང་སུམ་བརྒྱ་ཁ་ལྷག་བཅས་དང་། དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་ཧྲལ་སོང་བ་རྣམས་དང་། རྟེན་གསུམ་ཐོར་ཞིག་བྱུང་བ་རྣམས་ལས་མདོ་འགྲེལ་མུན་པའི་གོ་ཆ་དང་། གསང་འགྲེལ་བཀའ་མཆི་མ་ཕུ་སོགས་མཚན་ཙམ་ཡང་ཐོས་པར་དཀའ་བའི་དཔེ་རྙིང་མང་པོ་གཏེར་ནས་བཞེས། ཁྱད་པར་ཟངས་མདོག་དཔལ་རིའི་བློས་བསླངས་ཆེན་མོ་ཐོག་བརྩེགས་ལྔ་པ་སྐུ་གསུམ་ཞིང་བཀོད་ཡོངས་སུ་རྫོགས་པའི་ལྷ་ཁང་དཔེ་ཟླ་མེད་པ་གསར་བཞེངས་གནང་བ་སོགས་བྱ་བ་ལས་ཀྱི་འཁོར་ལོ་ཤིན་ཏུ་རྒྱ་ཆེ་བ་དང་། ཁམས་དབུས་ཀུན་ཏུ་དོན་གཉེར་ཅན་གྱི་སློབ་ཚོགས་རྣམས་ལ། ཉིན་མཚན་སྦྲེལ་ནས་སྔ་འགྱུར་གཙོ་བོར་གྱུར་པའི་རིས་མེད་ཀྱི་མདོ་སྔགས་རྒྱ་མཚོ་ལྟ་བུའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་འཆད་སྤེལ་གནང་བས། ཀུན་གྱིས་སྤྱི་བོའི་གཙུག་ཏུ་བཀུར་བ་དང་། གཞན་ཡང་རིས་མེད་ཀྱི་དཔེ་དཀོན་མང་པོ་གསར་བྲིས་དང་། ཐོར་བུ་བསྡུས་པ་སོགས་ལས་གངས་ཅན་གྱི་ལྗོངས་འདིར་འགྲན་ཟླ་བྲལ་བའི་རིས་མེད་ཀྱི་དཔེ་མཛོད་ཆེན་མོ་པོད་བདུན་སྟོང་ཙམ་ཡོད་པ་དང་། སྔ་རྗེས་ཕྱག་འབྱོར་གྱི་ཡིག་རྙིང་རྩ་ཆེན་པོད་བརྒྱ་ཙམ་བྱུང་བར་དབྱེ་འབྱེད་དང་། ཁ་བྱང་སུག་བྲིས་མཛད་པ་སོགས་རྣམ་དཀར་གྱི་འཕྲིན་ལས་སྤེལ་བར་བརྗོད་ཀྱིས་མི་ལང་ངོ་། །

 

དེ་ལྟར་རྣམ་དཀར་གྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར་ནས། བསྟན་འཛིན་གྱི་སྐྱེས་བུ་བསྐྲུན་པ་ནི། རྒྱ་གར་ཆུ་བོ་གངྒ་ལས་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ཡན་ལ་མ་ཁྱབ་པ་མེད་པས། རེ་རེ་ལས་བརྗོད་པར་མི་ནུས་མོད། གཙོ་བོ་ཁ་ཤས་བརྗོད་ན། རིས་མེད་བསྟན་པའི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས། ཀཿ  ཐོག་དགེ་རྩེའི་མཆོག་སྤྲུལ་འགྱུར་མེད་བསྟན་པ་རྣམ་རྒྱལ། རྗེ་དབོན་རིན་པོ་ཆེ་པདྨ་རྒྱལ་མཚན། རྨོག་རྩ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ། སྐུ་ཞབས་གྲུབ་དབང་འཇིགས་མེད་བདེ་ཆེན་རྡོ་རྗེ། ཕྱག་ཚ་བཞི་པ་པདྨ་ཕྲིན་ལས་རྒྱ་མཚོ། རྒྱ་ཁོལ་སྤྲུལ་སྐུ་ཀུན་བཟང་། བྲག་དམར་མཆོག་སྤྲུལ་པདྨ་རྒྱལ་མཚན། འབྲས་ལྗོངས་ལྷ་བཙུན་རིན་པོ་ཆེ། བྱང་དཀར་སྤྲུལ་སྐུ་མི་འགྱུར། མཁན་ཆེན་ཀུན་བཟང་དཔལ་ལྡན། ཀུན་མཁྱེན་ངག་གི་དབང་པོ། རྨེ་བ་མཁན་ཆེན་བསོད་ནམས་ཆོས་འགྲུབ། མཁན་ཆེན་རྡོ་རྗེ་འཆང་ལེགས་བཤད་འབྱོར་ལྡན། མཁན་སྐལ་བཟང་དབང་ཕྱུག གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་ཐུབ་བསྟན་ཆོས་ཀྱི་གླང་པོ། དཔལ་ཡུལ་མཆོག་སྤྲུལ་ཆོས་ཀྱི་ཟླ་བ། རྨུགས་སངས་གནས་རྒྱབ་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས། མཚོ་ཕུ་སྒྲུབ་ཆེན་སྤྲུལ་སྐུ་སྲོང་བཙན། གྲུབ་དབང་འདས་ལོག་པ་རྡོར་ལོ། མཁས་པའི་དབང་ཕྱུག་བུས་ལྡན་མཁྱེན་བརྩེའི་བློ་གྲོས། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲ་སྐྱ་བླ་མ་ཤྲཱི་ཛྙཱ་ན། སྤྲུལ་པའི་གཏེར་འབྱིན་བདེ་ཆེན་རྣམ་རྒྱལ། རྒྱལ་སྲས་རིན་པོ་ཆེ་འགྱུར་མེད་རྡོ་རྗེ། རྗེ་པདྨ་ཐུགས་རྗེའི་དབང་ཕྱུག རྒྱལ་སྲས་སྤྲུལ་སྐུ་ཕན་བདེ་རྒྱ་མཚོ། བདེ་ཆ་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་བློ་གསལ་རྡོ་རྗེ། སྙིགས་དུས་བསྟན་པའི་གསལ་བྱེད་མཁན་ཆེན་བླ་མ་རྒྱལ་མཚན་འོད་ཟེར་སོགས་མཁས་དང་གྲུབ་པའི་དབང་ཕྱུག་དུ་མ་བྱོན་པ་དང་། གཞན་ཡང་ས་སྐྱ་དང་། བཀའ་བརྒྱུད། དགེ་ལྡན་བཅས་ཀྱི་ཕྱོགས་ལ་བླ་སློབ་ཀྱི་འབྲེལ་བ་ཅན་ཤིན་ཏུ་མང་ནའང་། ཐམས་ཅད་བརྗོད་པར་མ་ནུས་སོ། །

 

མདོར་ན་དམ་པ་འདི་ནི་གངས་ཅན་ལྗོངས་ཀྱི་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར་ཅིང་། ཁྱད་པར་རྒྱལ་བ་ཀཿ  ཐོག་པའི་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་བཀའ་གཏེར་ཡོངས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་རང་ལུགས་དྲི་མ་མེད་པ་བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པའི་མེ་རོ་རྨང་ནས་གསལ་བར་བྱེད་པའི་ཉིན་བྱེད་ཆེན་པོར་རྩོལ་མེད་དུ་གྲགས་པའི་མཐར་དགུང་གྲངས་ཞེ་ལྔ་པ་རབ་བྱུང་བཅོ་ལྔའི་ཤིང་བྱི(སྤྱི་ལོ1924)ཟླ9ཚེས7ལ་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་པ་ཡིན་ནོ། །

ཡོང་ཁུངས། 《ཀཿ  ཐོག་སི་ཏུའི་དབུས་གཙང་གནས་ཡིག》

發表迴響

  1.  

    |