七月
21

ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ལོ་ཚིགས་ལ་སྦྱར་བ།

Posted by kathog on 七月 21st, 2022 at 4:38 下午

ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ལོ་ཚིགས་ལ་སྦྱར་བ།

ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ལོ་ཚིགས་ལ་སྦྱར་བ།

དགུང་ལོ་གཅིག་གི་ལོ་སྟེ། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་འབྲུག །ཕྱི་ལོ་༡༨༨༠ལོར། མདོ་ཁམས་སྡེ་དགེ་གཏེར་ལྷུང་དེའུ་མགོ་ཚང་དུ་ཡབ་གསང་སྔགས་གླིང་པ་དང་ཡུམ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱིས་ཁྲུས་དང་བགེགས་བསྐྲད། སྲུང་བ་དང་བྱིན་རླབས་མཛད།

དགུང་ལོ་གཉིས་པ། ལྕགས་སྦྲུལ། ༡༨༨༡ ཡབ་གཞིས་སུ་བཞུགས།
དགུང་ལོ་གསུམ་པ། ཆུ་རྟ། ༡༨༨༢ ཡབ་གཞིས་སུ་བཞུགས།
དགུང་ལོ་བཞི་པ། ཆུ་ལུག ། ༡༨༨༣ ཡབ་གཞིས་སུ་བཞུགས།

དགུང་ལོ་ལྔ་པ། ཤིང་སྤྲེལ། ༡༨༨༤ལོ་འདིར་ཟས་རྐྱེན་གྱིས་གྲིབ་མནོལ་ཕོག །ཚེ་རབས་ཀྱི་སྲུང་མ་མ་ཧཱ་ཀ་ལ་ཞལ་གཟིགས། རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཐུགས་ཀྱི་དགོངས་པ་གཏད་པ་ཙམ་གྱིས་རིག་སྟོང་རྗེན་པའི་ངང་དུ་དར་ཅིག་ལུས། མི་རྒན་རྟ་མགྲིན་དབང་ཆེན་མདུན་གསལ་བྱེད་སུམ་བཅུ་ཐོག་མར་བསླབ།
དགུང་ལོ་དྲུག་པ། ཤིང་བྱ། ༡༨༨༥ རྫོང་སར་བཀྲ་ཤིས་ལྷ་རྩེར་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་མདུན་སྐྱབས་འགྲོའི་སྡོམ་པ་ཞུས། གཙུག་ཕུད་ཕུལ། མཚན་ལ་ཨོ་རྒྱན་འཇིགས་མེད་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གསོལ།

དགུང་ལོ་བདུན་པ། མེ་ཁྱི། ༡༨༨༦དཔལ་གྱི་ཀཿཿ ཐོག་ནས་སི་ཏུ་ཀུན་མཁྱེན་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་འཛིན་ནས་ཀཿཿ ཐོག་གི་གདན་སར་ཁྲི་ལ་བཀོད། སྐུ་ཞབས་ཡོན་ཏན་མགོན་པོས་པདྨ་དྲག་པོའི་འཀྱིལ་འཁོར་དུ་དབང་བསྐུར་ནས་ཐུགས་རྒྱུད་ཤིས་པར་མཛད། ཡོངས་འཛིན་མཁན་རྒན་རིག་འཛིན་རྒྱ་མཚོའི་མདུན་ཡི་གེའི་ཕྱི་མོ་རྫོགས་པར་བསླབ། ལྕམ་བླ་དཀོན་མཆོག་ཆོས་འཕེར་ལས་ཚེ་སྒྲུབ་ལུང་སོགས་ཞུས། སྡོམ་གསུམ་སོགས་ཐུགས་འཛིན་མཛད་སྐབས་ཉིན་རེ་ལྡེབ་མ་མདའ་ཚད་མ་ཉི་ཤུ་ཙན་ཐུགས་སུ་ཆུབ།

དགུང་ལོ་བརྒྱད་པ། མེ་ཕག ། ༡༨༨༧ རྫོང་སར་དུ་ཀརྨ་པ་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་མདུན་སྐྱབས་སྡོམ་ཞུས། མཁྱེན་བརྩེའི་མདུན་བཀའ་གཏེར་གྱི་དབང་ལུང་དུ་མ་ཞུས། ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ཁྲིད་ཆེན་དང་། རྩ་རླུང་། ཀཱ་རིཀཱ། བཤེས་སྤྲིང་། བླ་མ་ལྔ་བཅུ་པ་སོགས་བློ་གསལ་འགའ་ལ་གསུངས། གཞན་དོན་མཛད་པའི་ཐོག་མ་ཡིན།

དགུང་ལོ་དགུ་པ། ས་བྱི། ༡༨༨༨ ཡོངས་འཛིན་ལས་བྱང་ཆུབ་སྤྱོད་འཇུག་སྦྱངས་པ་མཛད་པས་བློ་ཐོག་ནས་བཤད་པ་མཛད་ཐུབ་པ་བྱུང་། དཔལ་སྤུངས་དུ་འཇམ་མགོན་ཀོང་སྤྲུལ་མདུན་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཁྲིད་དང་། བཀྲ་ཤིས་འོད་ཟེར་མདུན་ནས་ལུང་ཞུས། མཁྱེན་བརྩེའི་མདུན་ནས་དབུ་སེམས་སེམས་བསྐྱེད་འབོག་ཆོག་སོ་སོར་ཞུས།

དགུང་ལོ་བཅུ་པ། ས་གླང་། ༡༨༨༩རིག་པའི་གནས་ལྔ་ལ་བསླབ་སྦྱང་གི་མགོ་འཛིན། ཤེས་བྱ་ཀུན་ཁྱབ་གསན། རྫོང་སར་དུ་མཁྱེན་བརྩེའི་མདུན་སྒྲུབ་ཐབས་ཀུན་བཏུས་དང་བཱ་རི་བརྒྱ་རྩ། རྫོགས་སྐོར་སོགས་ཞུས།  དཔལ་ཡུལ་རྒྱ་སྤྲུལ་མདུན་བདུད་འདུལ་ཆོས་སྐོར་ཡངས་རྫོགས་དང་གནམ་ཆོས་པོད་བཅུ་གསུམ་ཞུས།

དགུང་ལོ་བཅུ་གཅིག་པ། ལྕགས་སྟག ། ༡༨༩༠ སྡོམས་གསུམ་རྣམ་ངེས་ལ་སྦྱངས་པ་མཛད། ཀཱ་རི་ཀཱ་སོགས་ལ་བཤད་པ་མཛད། རྡོར་གླིང་རྦ་ཁ་སྤྲུལ་སྐུ་དང་། བྲག་གཡབ་གདོང་ཀོང་ངག་དབང་དམ་ཆོས་རྒྱ་མཚོ། བླ་མ་བློ་གྲོས་བཟང་པོ་སོགས་ལས་ཟམ་ཆོས་དུ་མ་ཞུས། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལས་ཟབ་རྒྱས་ཀྱི་སྨིན་གྲོལ་དང་། རྒྱབ་རྟེན་བཤད་པ། མན་ངག་ཕྱག་བཞེས་དམར་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་བཞེས་གྲུབ། སྙིང་པོའི་བསྟན་པ་གཏད་ནས་རྒྱལ་ཚབ་ཉིད་དུ་མངའ་གསོལ། སླར་ཀཿ ཐོག་ཏུ་ཕེབས།

དགུང་ལོ་བཅུ་གཉིས་པ། ལྕགས་ཡོས། ༡༨༩༡ སྐུ་ཞབས་ཡོན་ཏན་མགོན་པོ་ལས་ཀཿ ཐོག་གཏེར་ཆེན་བདུད་ཀློང་ཟུང་གི་ཆོས་སྐོར་དང་། བསྟན་རྩ་དགེ་ཚུལ་གྱི་སྡོམ་པ་བཞེས། ཐུབ་བསྟན་འཇིགས་མེད་ཆོས་ཀྱི་རྡོ་རྗེ་ཞེས་མཚན་གསོལ། བཀྲ་ཤིས་རྫོང་མགོ་རུ་ཡོངས་འཛིན་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་གསན། འབུམ་ལྔ་བསགས། ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོ་ལ་ཁྲིད་སྦྱངས་མཛད། བླ་མ་སྐུ་གསུམ་སྒྲུབ་པ་ལ་རྟེན་བཛྲ་གུ་རུ་ལ་བསྙེན་སྒྲུབ་མཛད། ཡོན་མཛོད་དང་རྒྱུད་གསང་བ་སྙིང་པོའི་ཚིག་དོན་མ་ལུས་ཐུགས་སུ་ཆུབ་པར་བྱས།

དགུང་ལོ་བཅུ་གསུམ་པ། ཆུ་འབྲུག ། ༡༨༩༢རྫོང་ཤོད་དུ་ཀོང་སྤྲུལ་མདུན་བླ་མ་དགོངས་འདུས་ཞུས། རྫོང་སར་དུ་རྗེ་མཁྱེན་བརྩེས་དཔོན་སློབ་ཚེ་རབས་སུ་མི་འབྲལ་བའི་ཐུགས་སྨོན་མཛད་ནས་དགོངས་བརྒྱུད་དོན་གྱི་ཡེ་ཤེས་འཕོས་ནས་དོན་བརྒྱུད་བསྟན་པའི་བདག་པོར་མངའ་གསོལ། ལོ་འདིར་བླ་མ་མཁྱེན་བརྩེ་ཚང་བདེ་བར་གཤེགས། ཀཿ ཐོག་ཏུ་གུ་རུ་དྲག་པོའི་བསྙེན་མཚམས་བཞུགས། སྙན་ངག་མེ་ལོང་མ་ལ་གཟིགས་རྟོགས་མཛད་ནས། དཔེ་བརྗོད་དང་སྟོན་པ་བཀའ་དྲིན་ཅན་ལ་བསྟོད་པའི་ཀུན་བཟང་འཁོར་ལོ་རྩོམ།

དགུང་ལོ་བཅུ་བཞི་པ། ཆུ་སྦྲུལ། ༡༨༩༣བློ་གྲོས་བཟང་པོའི་མདུན་རྙིང་རྒྱུད་པོད་ཉེར་དྲུག་དང་། མཛོད་བདུན། བཀའ་མའི་ལུང་ཡོད་རིགས་གསན། རྫོང་མགོ་རུ་མཁས་པའི་རྒྱལ་པོ་བླ་མ་མི་ཕམ་རིན་པོ་ཆེའི་མདུན་བྱམས་ཆོས་ལྔ་དང་། དབུ་མ། ཚད་མ། མངོན་པ་གསན་ནས་མཁྱེན་རབ་གྱི་རྩལ་རྫོགས་པར་བྱས། གང་བློ་མའི་འགྲེལ་ཆེན་རྩོམ།

དགུང་ལོ་བཅོ་ལྔ་པ། ཤིང་རྟ། ༡༨༩༤ཡོངས་འཛིན་མདུན་ནས་སྒྲ་ཀ་ཙན་དབྱངས་གསུམ། མངོན་བརྗོད། སྡེབ་སྦྱོར། གསོ་རིགས་རྒྱུད་བཞི། རྩིས་དཀར་ནག་ལ་གསན་བསམ་མཛད། ཛཿ སྤྲུལ་ཀུན་བཟང་རྣམ་རྒྱལ་མདུན། ཀཿདམ་པའི་ཐེག་སྤྱི། སྔ་འགྱུར་བཀའ་མའི་རྒྱུད་དང་སྒྲུབ་སྡེའི་དབང་ལུང་དེ་སྐབས་གང་བཞུགས་ཞུས།

དགུང་ལོ་བཅུ་དྲུག་པ། ཤིང་ལུག ། ༡༨༩༥ ཤར་ཕྱོགས་འགུ་ལོག་གི་ཡུལ་དུ་ཕེབས། གླིང་སྤྲུལ་མདུན་དབུ་མ་རྩ་འཇུག་ཞུས། བདུད་འཇོམས་དང་མཇལ། ཀུན་བཟང་འགྱུར་མེད་མདུན་གསང་སྤྱོད་སྙན་བརྒྱུད་ཞུས། དཔོན་སྐོར་དགོན་དང་སེང་གེ་བརྒྱ་མདུད་དགོན་པ་ཕྱག་འདེབ།

དགུང་ལོ་བཅུ་བདུན་པ། མེ་སྤྲེལ། ༡༨༩༦ཀཿ ཐོག་ཏུ་ཕེགས། གསང་སྤྱོད་སྙན་བརྒྱུད་སོགས་ལ་ཐུགས་དམ་ཉམས་བཞེས་མཛད། སྐུ་ཞབས་ཡོན་ཏན་མགོན་པོ་ལ་ཐུགས་དམ་རྟོགས་འབུལ་མཛད་པས། རྟོགས་པའི་གདེང་ཚད་རྫོགས་པའི་དབུགས་འབྱུང་རྩལ་ནས་ཀཿ ཐོག་པའི་སྙིང་པོའི་བསྟན་པ་གཏད།

དགུང་ལོ་བཅོ་བརྒྱད་པ། མེ་བྱ། ༡༨༩༧ སྐུ་ཞབས་ཡོན་ཏན་མགོན་པོ་ཞིང་ལ་བྱོན། ཡོངས་འཛིན་ལས་དགེ་པཎ་བཀའ་འབུམ་ཞུས། ནོར་བུ་བསྟན་འཛིན་ལས་རིན་འབྱུང་ཁ་སྐོང་དང་། ལྔ་པའི་བཀའ་འབུམ་སོགས་གསན། དགེ་བཤེས་ཤེས་རབ་བཟང་པོ་ལས་ས་སྐྱ་གོང་མ་ལྔ་ཡི་བཀའ་འབུམ་དང་རྩེ་ལེའི་བཀའ་འབུམ་གྱི་ལུང་གསན། ལོ་འདི་དགེ་རྩེ་ཚེ་དབང་རིག་འཛིན་རྒྱ་མཚོ་དང་བཤེས་གཉེན་ཀརྨ་བསོད་ནམས་གཉིས་གཤེགས།

དགུང་ལོ་བཅུ་དགུ་པ། ས་ཁྱི། ༡༨༩༨ཀཿ ཐོག་པའི་གདན་རབས་སུ་བཞུགས་ནས་བསྟན་པའི་ཁུར་འཛིན། གསང་སྙིང་མཚན་གསལ་རྩོམ།

དགུང་ལོ་ཉི་ཤུ་པ། ས་ཕག ། ༡༨༩༩ བྱང་སྡེ་རྫ་ཆུ་ཁར་ཕེབས། མར་ལམ་རྫོགས་ཆེན་དུ་ཐེག་མཆོག་བསྟན་འཛིན་མདུན་པཎ་ཆེན་སྡོམ་རྒྱུན་ལས་བསྙེན་པར་རྫོགས། ཕྱིས་སུ་སྡོམ་རྒྱུད་སྤོས་ནས་ཀཿ་ཐོག་མཁན་པོ་རྡོ་རྗེ་དཔལ་རྒྱལ་གྱི་མཁན་བུ་སྐལ་བཟང་རྒྱ་མཚོའི་མདུན་སྨད་འདུལ་མཁན་ཆེན་ཞི་འཚོའི་སྡོམ་བརྒྱུད་ལས་བསྙེན་པར་རྫོགས། ལོ་འདིར་ཀོང་སྤྲུལ་ཞི་བར་གཤེགས།བ

དགུང་ལོ་ཉེར་གཅིག་པ། ལྕགས་བྱི། ༡༩༠༠དཔལ་སྤུངས་དུ་བཀྲ་ཤིས་འོད་ཟེར་མདུན་གདམས་ངག་མཛོད་དབང་ལུང་ཁྲིད་གསུམ་རྫོགས་པར་ཞུས། དཔལ་སྤུང་སི་ཏུའི་ཡང་སྲིད་ལ་ཀཱ་རི་ཀཱ་དང་བཤེས་སྤྲིངས་གསུངས། ཀཿ ཐོག་བར་ཁྲོད་དུ་བཞུགས། མདོ་སྔགས་ཀྱི་ཁྱད་པར་ཉི་མའི་སྙིང་པོ་རྩོམ།

དགུང་ལོ་ཉེར་གཉིས་པ། ལྕགས་གླང་། ༡༩༠༡ འདི་ལོ་ཙམ་དང་སྔ་ཕྱི་ཀུན་ཏུ་བརྩོན་པ་ཆེན་པོ་དཔེ་རྙིང་ཚོལ་སྡུ་མཛད་ནས་པོད་༡༠༢༠༠ཡོད་པའི་དཔེ་མཛོད་ཁང་ཀཿ ཐོག་ཏུ་བཞེངས།

དགུང་ལོ་ཉེར་གསུམ་པ། ཆུ་སྟག ། ༡༩༠༢དངུལ་སྒང་ལ་སེ་རི་ཁྲོད་དུ་བློ་གཏེར་དབང་པོ་ཡབ་སྲས་ལས་རྒྱུད་སྡེ་ཀུན་བཏུས་ཞུས།

དགུང་ལོ་ཉེར་བཞི་པ། ཆུ་ཡོས། ༡༩༠༣འདི་ལོ་ཙམ་ནས་མདོ་སྔགས་ཀྱི་གཞུངས་བཤད་དང་། དབང་ཁྲིད་སོགས་གང་ལ་གང་འདོད་དུ་རྩལ་ནས། བདུད་ཀློང་ལན་བཅུ་གསུམ། བཀའ་མ་ལན་བདུན། གདམས་ངག་མཛོད་ལན་བཞི། རྒྱལ་བའི་བཀའ་འགྱུར་དཔེ་གཟིགས་དང་འབྲེལ་ནས་ལས་གཅིག །གཏེར་མཛོད་ལན་གཅིག་སོགས་དབང་ཁྲིད་ལུང་གསུམ་དུ་མ་དང་། རྫོང་སར་དུ་གསང་འདུས་རྒྱུད་བཤད་དང་། ཀཿ ཐོག་ཏུ་དུས་འཁོར་རྒྱུད་བཤད། གསང་སྙིང་བཤད་པ་ལན་གྲང་དུ་མ་གསུངས།

དགུང་ལོ་ཉེར་ལྔ་པ། ཤིང་འབྲུག ། ༡༩༠༤རྗེ་བཙུན་བྱམས་པ་མགོན་པོ་ཞལ་གཟིགས། རྒྱུད་སྡེ་ཁང་དཔལ་ཀུན་མཁྱེན་བསྟན་པའི་གླིང་། དཀོན་མཆོག་གསུམ་གྱི་ཕོ་བྲང་། བཤད་སྒྲུབ་ནོར་བུའི་ལྷུན་པོའི་རྟེན་དང་བརྟེན་པ་གསར་བཞེངས་མཛད།

དགུང་ལོ་ཉེར་དྲུག་པ། ཤིང་སྦྲུལ། ༡༩༠༥འདི་ལོ་ཙམ་ལ་དམ་ཕུག་ཏུ་སྒྲུབ་གྲྭ་དང་བར་ཁྲོད་དུ་སྒོམ་གྲྭ་ཕུར་པའི་སྒྲུབ་གྲྭ་བཙུགས།

དགུང་ལོ་ཉེར་བདུན་པ། མེ་རྟ། ༡༩༠༦ཀཿ ཐོག་བཤད་གྲྭ་ཞེས་སྔོན་ཀཿདམ་པའི་དུས་ནས་ཡོད་པ་དེ་ལ་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོ་དཔལ་ཀུན་མཁྱེན་བསྟན་པའི་གླིང་ཞེས་མཚན་གསོལ་ནས། ལོ་ལྔ་ཡི་གཞུང་བརྒྱ་ལ་བཤད་པ་མཛད་དགོས་པ་དང་གསོལ་ཐོག་བཞུགས་ཤག་གཅིག་གྱུར་དུ་ཡོད་པ་མཛད། སྣང་བ་ལྷར་སྒྲུབ་པ་ལ་དོགས་གཅོད་རྩོམ།

དགུང་ལོ་རྩ་བརྒྱད་པ། མེ་ལུག ། ༡༩༠༧ཀཿ ཐོག་ཏུ་བཞུགས། རང་རྒྱུད་འདུལ་སྦྱངས་བྱ་ཐབས་རྩོམ།

དགུང་ལོ་ཉེར་དགུ་པ། ས་སྤྲེལ། ༡༩༠༨སློབ་ཆེན་བཞི་ལས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀཿ ཐོག་ཏུ་ཕེབས།

དགུང་ལོ་སུམ་བཅུ་པ། ས་བྱ། ༡༩༠༩ཤར་ཕྱོགས་རྒྱལ་མོ་རོང་དུ་ཕེབས། བཻ་རོས་བཞེངས་པའི་མདོ་སྔགས་ཀྱི་དགོན་པ་གཉིས་ཏེ་ཆུ་ཕོ་ནོར་བུ་གླིང་དང་ཁྲོ་ཆུ་བདེ་ཆེན་གླིང་སོགས་ཀཿ ཐོག་གི་དགོན་སྡེ་དུ་མར་བྱོན།བའདི་ལོ་ཙམ་ལ་ཀཿ ཐོག་རིག་གནས་ཁང་ཞེས་བོད་ཡུལ་ཙམ་ལ་གྲགས་པའི་རིག་གནས་ཀུན་ཤེས་ཕོ་བྲང་གསར་བཞེངས་མཛད།

དགུང་ལོ་སོ་གཅིག་པ། ལྕགས་ཁྱི། ༡༩༡༠ཀཿ ཐོག་ཏུ་བཞུགས།

དགུང་ལོ་སོ་གཉིས་པ། ལྕགས་ཕག ། ༡༩༡༡ཀཿ ཐོག་ཏུ་རིན་ཆེན་གཏེར་མཛོད་ཆེན་མོ་གསུངས།

དགུང་ལོ་སོ་གསུམ་པ། ཆུ་བྱི། ༡༩༡༢
དགུང་ལོ་སོ་བཞི་པ། ཆུ་གླང་། ༡༩༡༣

དགུང་ལོ་སོ་ལྔ་པ། ཤིང་སྟག ། ༡༩༡༤ཀཿ ཐོག་ཏུ་བཞུགས། བན་བོན་རྣམ་པར་འབྱེད་པའི་གཞུང་བརྒལ་ལན་རྡོ་རྗེ་ཕ་ལམ་རྩོམ།

དགུང་ལོ་སོ་དྲུག་པ། ཤིང་ཡོས། ༡༩༡༥འདི་ཡི་གཡས་གཡོན་དུ་སི་ཏུ་དགོངས་བཞེད་བཞིན་གྲུ་པ་ཕུར་བུ་ཚེ་རིང་གིས་སྨན་གསར་ལུགས་ཀྱི་ཐང་ཀ་དུ་མ་བྲིས།

དགུང་ལོ་སོ་བདུན་པ། མེ་འབྲུག །༡༩༡༦སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས།

དགུང་ལོ་སོ་བརྒྱད་པ། མེ་སྦྲུལ། ༡༩༡༧

དགུང་ལོ་སོ་དགུ་པ། ས་རྟ། ༡༩༡༨འདི་ལོའི་ཟླ་བདུན་པ་ནས་ཀཿ ཐོག་ནས་ཡུལ་དབུས་སུ་གནས་སྐོར་བྱོན། ཀཿ ཐོག་སི་ཏུའི་དབུས་གཙང་ལམ་ཡིག་ཐོག་མར་རྩོམ། ལྷ་སར་ཇོ་ཤཱཀ་རྣམ་གསུམ་ལ་མཆོད་སྤྲིན་སྤྲོས། ཁྲ་འབྲུག་ཏུ་བདུད་རྩི་སྨན་གྱི་སྒྲུབ་ཆེན་མཛད། ཚེ་རིང་ལྗོངས་དུ་ཀློང་ཆེན་སྙིང་ཐིག་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་དང་མཛོད་བདུན་གསུངས།

དགུང་ལོ་བཞི་བཅུ་པ།ས་ལུག ། ༡༩༡༩ དབུང་གཙང་དུ་གནས་གཟིགས་དུ་བཞུགས།

དགུང་ལོ་ཞེ་གཅིག་པ། ལྕགས་སྤྲེལ། ༡༩༢༠མཚུར་ཕུར་ཀརྨ་པ་ལ་རྙིང་རྒྱུད་ལྗགས་ལུང་གསུང་། ལྷ་སར་སྐྱབས་མགོན་རྒྱལ་བའི་དབང་པོ་བཅུ་གསུམ་པ་དང་མཇལ་འཕྲད་མཛད། དབུས་ནས་ཀཿ ཐོག་ཏུ་ཕེབས། ལམ་ཡིག་འཇུག་གྲུབ་པར་མཛད།

དགུང་ལོ་ཞེ་གཉིས་པ། ལྕགས་བྱ། ༡༩༢༡འདི་ལོ་ཙམ་ལ་སྟོན་པའི་གོས་ཐང་ཆེན་མོ་བཞེངས།

དགུང་ལོ་ཞེ་གསུམ་པ། ཆུ་ཁྱི། ༡༩༢༢ འདི་ལོ་ཙལ་ནས་སྐུ་གསུམ་ཞིང་བཀོད་ཟངས་མདོག་དཔལ་རིའི་བློས་བསླངས་ཆེན་མོ་བརྩེགས་ལྔ་པ་འཇོགས་རྟེན་ན་སྔོན་མེད་པ་གསར་དུ་བཀྲུན། འདི་ནི་བློས་བསླངས་ཁང་བརྩེགས་ཅན་ལས་ཆེས་སྔ་བ་ཡིན།

དགུང་ལོ་ཞེ་བཞི་པ། ཆུ་ཕག ། ༡༩༢༣ཀཿ ཐོག་ནས་མདོ་ཁམས་དང་རྒྱ་ཡི་ཡུལ་དུ་གནས་གཟིགས་སུ་བྱོན། ལམ་ཡིག་འཁྲུལ་སྣང་ལས་སྦྱོང་རྩོམ་པའི་དབུ་འཛིན། གོ་འཇོ་སྟག་མོ་དགོན་ཕྱག་འདེབས། ལོ་སྨད་དུ་སྨར་ཁམས་དང་གནས་ཆེན་ཁ་བ་དཀར་པོ་བཞུགས། ཀཿ ཐོག་ཏུ་རི་འགུལ་བ་དང་བྲག་ཆད་པ། ལྷ་སྐུའི་ཞལ་རས་ནས་སྤྱན་ཆབ་འབྱིན་པ་སོགས་སི་ཏུ་སྤྲུལ་པའི་སྐུ་ཞིང་འདིར་མི་བཞུགས་པའི་རྟགས་མཚན་ངན་པ་སྣ་ཚོགས་ཤར།

དགུང་ལོ་ཞེ་ལྔ་པ། ཤིང་བྱི། ༡༩༢༤ཟླ་དང་པོར་ས་ཐམ་དུ་ཕེབས། ཟླ་གསུམ་པར་ཤར་གླེགས་བམ་དུ་ཕེབས།

དགུང་ལོ་ཞེ་དྲུག་པ། ཤིང་གླང་། ༡༩༢༥་ ཟླ་དང་པོར་ཆབ་མདོར་གཞུང་སའི་ཞབས་བརྟན་མཛད། ལམ་ཡིག་འཁྲུལ་སྣང་ལས་སྦྱོང་རྩོམ་གྲུབ། ཁམས་པ་སྒར་དུ་གདམས་ངག་མཛོད་གསུངས། བསྙུན་ཁམས་ཇེ་ལྕིར་དུ་སོང་། ཀཿ ཐོག་ནས་དགེ་སྤྲུལ་གདན་འདྲེན་དུ་ཕེབས་བ་དང་ལྷན་ཀཿ ཐོག་ཏུ་ཕེབས། ཟླ་དྲུག་པར་ཀཿ ཐོག་སྟོང་གྲྭ་ཚོགས་སྐྱེ་བདུན་རིལ་བུ་སྒྲུབ་ནས་འབྲེལ་ཚད་དོན་ལྡན་མཛད། ཟླ་དགུ་པའི་ཚེས་བདུན་གྱི་ཕྱི་དྲོ་གཟིམ་ཁང་དུ་ཉི་མ་མ་བརྒལ་ཙམ་དུ་སྤྲུལ་གཞི་བྱམས་པའི་ཐུགས་ཀར་ཐིམ།

ཀཿ ཡི་བན་དེ་ཧོར་པོས་ལྕགས་གླང་ལོར་སི་ཏུ་རིན་པོ་ཆེའི་འདས་མཆོད་སྐབས་སི་ཏུའི་རང་རྣམ་དང་རྣམ་ཐར་ཡོངས་འདུས་ལྗོན་བཟང་གཙོ་བོ་བྱས་ནས་་གསུང་འབུམ་ལ་མཇལ་བའི་ཞོར་དུ་ཟིན་བྲིས་སུ་འདེབས་པ། ནོར་འཆུགས་གང་ཡོད་གསང་པོར་གསུང་རྒྱུ་དང་ཁ་གསབ་མཛད།

發表迴響

  1.  

    |