དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ན་མོ།
སྐྱབས་རྗེ་ཀཿ ཐོག་རྨོག་གྲུབ་སྐུ་འཕྲེང༦པ་འཇིགས་བྲལ་ཕྱོགས་ལས་རྣམ་ལ་རྒྱལ་ན་མོ།།
སྐྱབས་རྗེ་ཀཿ ཐོག་རྨོག་གྲུབ་སྐུ་འཕྲེང༦པ་འཇིགས་བྲལ་ཕྱོགས་ལས་རྣམ་ལ་རྒྱལ་ན་མོ།།
༈ རྨོག་སྤྲུལ་ལ་བསྔགས་པ་བཀྲ་ཤིས་རྫས་ཀྱི་ཆར་ཆེན།
གསང་བདག་རྡོ་རྗེ་ཆོས་ཀྱི་རང་གཟུགས་སུ། །
ནོར་བུ་མེ་ལོང་ངོས་ལ་འཕོས་པ་ལས། །
རྨོག་སྤྲུལ་གྲུབ་པའི་དབང་པོ་གཉིས་འཐུང་ལྟོར། །
སྤོང་རྟོགས་ཡོན་ཏན་གི་ཝཾ་བཅུད་ཀྱིས་བརླན། །
ཐུགས་བསྐྱེད་ཞོ་ཡི་སྙིང་པོ་ལྟར་དཀར་ལས། །
གདུལ་བྱ་སྦྲ་མ་ར་ཡི་ཚོགས་ཆེན་རྡོལ། །
ཕྲིན་ལས་དུར་ཝའི་འཁྲི་ཤིང་ཐགས་ཞགས་ཀྱིས། །
ངོ་མཚར་ཐུབ་ཆེན་མཆོད་སྡོང་ཆེན་པོ་བསྐྲུན། །
ཞལ་ཆབ་བདུད་རྩིའི་སིམ་མའི་ཆ་ཤས་ཀྱང་། །
འདོད་རྒུ་དཔལ་གྱི་ཕྱྭ་གཡང་བིལ་བའི་འབྲས། །
གྲགས་དང་སྙན་པའི་དུང་དཀར་ནཱ་དའི་སྒྲས། །
འཛམ་གླིང་ས་ཁྱོན་ཕ་མཐར་མི་མངོན་ཁྱབ། །
གྲུབ་པའི་བརྟུལ་ཞུགས་ལི་ཁྲིའི་ཐིག་ལེས་མཛེས། །
མཛད་སྤྱོད་གཅིག་གིས་བྱ་བ་ཕྲག་བརྒྱར་སྟོན། །
ཕས་རྒོལ་མི་དང་མི་མིན་དཔུང་ཚོགས་རྣམས། །
ནུས་པའི་ཡུངས་དཀར་ཟེག་མ་གཅིག་གིས་གཏོར། །
ངོ་མཚར་གྲུབ་པའི་དབང་པོའི་ཕྲིན་ལས་ཀྱིས། །
ཉིན་བྱེད་གཟི་འོད་འབུམ་དུ་བརྡལ་བ་ལས། །
བསྟན་དང་འགྲོ་བའི་རླབས་ཆེན་མྱུར་འགྲུབ་ནས། །
ཞབས་ཟུང་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
ཀཿ ཐོག་མཁན་རྒན་བསོད་ནམས་བསྟན་པས་མཛད།
=====================
༈ ཟླ་མེད་སྟོན་པ་དོན་ཀུན་གྲུབ་པའི་དཔལ། །
ཀླུ་སྒྲུབ་ཐོགས་མེད་པཎ་གྲུབ་བཅུ་བདུན་ཞབས། །
གངས་ཅན་འགྲོ་མགོན་མཁན་སློབ་ཆོས་ཀྱི་རྒྱལ། །
སྐྱེས་མཆོག་རིམ་བྱོན་རྣམས་ཀྱིས་དགེ་ལེགས་སྩོལ། །
ཐུགས་བསྐྱེད་ཆུ་གཏེར་རླབས་ཀྱི་རྗེས་འགྲོ་ཞིང་། །
འཇིག༵ས་བྲལ༵་བློ༵་གྲོས༵་མཚུངས་པ་མེད་པའི་སྡེ། །
ཀློག་དང་སྤོང་བ་ལས་ཀྱི་འཁོར་ལོ་ཡིས། །
བསྟན༵་པའི༵་རྒྱལ༵་མཚ༵ན་རྟག་ཏུ་བརྟན་པར་ཤོག །
བླ་མ་རིན་པོ་ཆེའི་གསུང་བྱིན་ཅན།
=======================
༈ ཀཿ ཐོག་རྨོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཞབས་བརྟན་
གསོལ་འདེབས་འཆི་མེད་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭ་སྟི།
ཐུ༵བ་བསྟ༵ན་གླིང་བཞིར་བློ་གྲོས་ཉིན་མོར་བྱེད། །
དོན་གཉིས་དཔ༵ལ་ལྡ༵ན་ས་གསུམ་མུན་སེལ་རྗེ། །
ཕྲིན་ལས་བཟ༵ང་པོ༵་སྲིད་ཞི་ཁྱབ་པར་བརྡལ། །
འཇི༵གས་བྲ༵ལ་དཔའ་བོའི་དབང་ཕྱུག་མཚན་གྱི་རྔ། །
ཕྱོག༵ས་དུས་མུ་མཐའ་སྲིད་དུ་གྲགས་པ་ལས༵། །
གསང་གསུམ་རྣམ༵་ཐར་རྒྱ་མཚོ་ལྷུར་བཞེས་གསོལ། །
ཁྱད་པར་མདོ་རྒྱུད་བཀའ་གཏེར་འབྱུང་གནས་ཆེ། །
རྒྱལ༵་བས་ལུང་བསྟན་ཀཿ ཐོག་རྡོ་རྗེའི་གདན། །
གདོང་ལྔས་བཏེགས་པའི་གསེར་ཁྲི་མཐོ་བའི་སྟེང་། །
སྡེ༵་སྣོད་བཀའ་གཏེར་སྨིན་གྲོལ་སྩོལ་བཞིན་དུ། །
ཞབས་པད་རྟག་པ་དམ་པར་འཚོ་གཞེས་ནས། །
སྔ་འགྱུར་བསྟན་པའི་མེ་རོ་བསླང་མཛད་གསོལ། །
རབ་འབྱམས་དཀོན་མཆོག་རྩ་གསུམ་བྱིན་རླབས་དང་། །
བདེན་པའི་མཐུ་དང་ཕྲིན་ལས་ནུས་སྟོབས་ཀྱིས། །
བདག་ཅག་ལྷག་བསམ་གསོལ་བཏབ་སྨོན་པའི་འབྲས། །
གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །
|