一月
29

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞབས་ཀྱི་བསྟོད་པ་པདྨའི་ཕྲེང་བ་ཞེས་བྱ་བཞུགས་སོ།

Posted by kathog on 一月 29th, 2024 at 12:19 下午

།‍‍
ཀཿ ཐོག་དྲི་མེད་ཞིང་སྐྱོང་དཔལ་ཆོས་ཀྱི་རྡོ་རྗེ། ༡༧༢༤-༡༧༨༦
དཔག་མེད་རྒྱལ་ཀུན་གསང་བ་གསུམ་གྱི་དབྱིངས། །གཞོམ་མེད་མཚན་དཔེའི་དྲི་མོ་གསལ་བ་ཅན། །འཛད་མེད་སྒྱུ་འཕྲུལ་དྲྭ་བའི་གར་གྱི་ནི། །དྲི་མེད་འོད་ཟེར་བསྟོད་དུ་སྤྲོ་དེར་རྒྱལ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཟུགས། །མཆོག་དམན་བྲལ་ཡང་ཁྱད་པར་སྙིགས་མའི་འགྲོར། །བཀའ་དྲིན་མཉམ་མེད་ཨོ་རྒྱན་པདྨ་དང་། །དབྱེར་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཆོད། །གང་གི་ཡོན་ཏན་མ་གྲོས་མཚོ་ཆེན་དུ། །བདག་ཡིད་དད་པའི་ལུས་དཀར་སོང་གྱུར་པས། །མཐོང་ཐོས་ཆ་ཤས་ཨུཏྤལ་ཡི་ཕྲེང་། །ཕྱོགས་ཀྱི་མཛེས་མའི་རྣར་བརྒྱན་སྦྱིན་གྱི་ལོང་། །བསོད་ནམས་ཚོགས་ཀྱི་མ་ལས་བསྐྱེད་པའི་བུ། །བརྒྱ་ཕྲག་མཚན་དཔེས་གང་བའི་གཟུགས་ཀྱི་སྐུ། །གང་གི་འདྲེན་བྱེད་བཅུད་དུ་ལེན་གྱུར་ན། །སྙིང་ལས་བྱང་ཆུབ་མྱུ་གུ་བསྐྱེད་པར་བྱེད། །དམ་པའི་མཚན་ཙམ་རྣ་བར་ཐོས་པའི་མོད། །དད་ལྡན་ཡིད་ལ་གུས་པའི་དཔལ་ཐོབ་ཅིང་། །ཁེངས་ལྡན་བཞིན་གྱི་པདྨོ་འདུད་པ་དང་། །ཕྲག་དོག་ཅན་ལ་ཟུག་ངུ་སྟེར་བར་བྱེད། ། ཆུང་ནས་དམ་པའི་བག་ཆགས་ལེགས་སད་ཅིང་། །སྙོམ་ལས་མལ་དུ་ལེ་ལོའི་གཉིད་སྤང་ནས། །བརྩོན་འགྲུས་ཅང་ཤེས་ལ་ཆིབས་ཐོས་བསམ་གྱི། །ལམ་དུ་ཞུགས་ལས་དོན་གྱིས་ཐམས་ཅད་མཁྱེན། །ཕྱི་དང་ནང་གི་བདེ་བ་དམ་པའི་རྒྱུ། །ཐ་སྙད་རིགས་པར་གཏོགས་པ་སྣ་རེར་ཡང་། །སོམ་ཉིའི་ཕྱོགས་སུ་མ་ལྷུང་མཐར་ཕྱིན་པའི། །བྱ་བས་འཇིག་རྟེན་གསལ་ལ་ཉི་མ་ལྟར། །དང་པོ་ས་གསུམ་མ་ལུས་བཀྲ་ཤིས་ཀྱི། །ཆོ་གས་ངོ་མཚར་བྱེད་པོ་བཟོ་རིག་པ། །ཕུན་སུམ་ཚོགས་པ་འདི་ཡི་ཁྱད་པར་ལ། །སུས་ཀྱང་བསྐྲུན་དུ་མེད་པར་རང་ཉིད་དེས། །སྐྱེ་མཆེད་གཙང་མའི་ལུས་རྟེན་འདབ་སྟོང་ཅན། །འབྱུང་འཁྲུགས་ནད་ཀྱིས་རྙིང་པ་གསོ་བའི་ཐབས། །གྲངས་མེད་རྒྱ་མཚོ་ལས་བླངས་སྨན་གྱི་ཆར། །འབབ་ཚེ་གཡུ་ཐོག་མགོན་པོར་ཅོ་ཡང་འདྲི། །གསུང་རབ་ཀུན་གྱི་ཚིག་གི་དོན་སྟོན་བྱེད། །གསུང་རབ་ཡོངས་ཀྱི་མ་མ་སྒྲ་རིག་པའི། །གཞུང་མང་རྣམ་དཔྱོད་སྤོབས་པས་ཁོང་ཆུད་ཚེ། །འཕགས་ཡུལ་པཎ་ཆེན་ཀུན་གྱི་སྙན་པ་འགོགས། །བདེན་མིན་ལོག་པར་སྨྲ་བའི་ཚང་ཚིང་ནགས། །སྲེག་བྱེད་སྡེ་བདུན་རང་ལུགས་དུས་མཐའི་མེས། །མངོན་རློམ་ང་རྒྱལ་ཐལ་བར་བྱེད་པ་ལ། །ཆོས་ཀྱི་གྲགས་པ་སླར་ཡང་རོལ་རྩེད་བསྒྱུར། །ཐོས་པ་ཙམ་གྱིས་གྲོལ་བའི་མིག་འབྱེད་ཅིང་། །དོན་བཞིན་རྟོགས་པས་རང་འབྲས་མཐར་ཕྱིན་གང་། །ཆོས་ཀུན་དགོངས་དོན་འཆད་ལ་ཐུབ་དབང་སྟེ། །འོན་ཏང་འཁྲུངས་པའི་ཡུལ་འདིས་སོ་སོར་བྱས། །ཁྱད་པར་མང་ཐོས་ནོར་གྱིས་ཆེར་ཕྱུག་ཅིང་། །རེང་ན་གྲུབ་པའི་སྤོབས་པ་གཟེང་མཐོ་བས། །བཅད་ལྷུག་སྤེལ་མའི་ཚིག་གི་ཉམས་འགྱུར་བརྒྱ། །དབྱངས་ཅན་འཕགས་མའི་མགྲིན་ལས་དྲངས་པ་བཞིན། །མཁས་བླུན་སྐྱེ་བོའི་འདུ་ས་ག་ལ་བར། །རྐང་བཞིར་ཚིགས་སུ་བཅད་པའི་རྒྱུད་མང་ཉིད། །བློ་གྲོས་སོར་མོའི་འཕྲུལ་གྱི་བརྡུང་བ་ཡིས། །རིང་ནས་བསྒྲུབ་པའི་དད་པ་ཅིག་ཅར་འཕྲོག །སྲིད་ཞིའི་ཆོས་རྣམས་གདགས་སུ་རུང་བའི་མིང་། །མངོན་པར་བརྗོད་ལ་འཛད་མེད་འཕྲུལ་གྱི་ལྗགས། །སྨྲ་བའི་བང་མཛོད་གཏེར་གྱི་སྒོ་འབྱེད་པ། །ཁྱོད་དང་མཚུངས་པའི་དཔེར་བསྟན་འཇམ་དཔལ་དབྱངས། །མ་འདྲེས་སྣ་ཚོགས་སྐད་དང་སྟབས་སུ་ནི། །ཟློས་པའི་གར་འཕྲེང་མ་ལ་ཡ་རླུང་གིས། །བློ་ལྡན་དྭངས་པའི་ཁྲི་ཤིང་ཆེས་གཡོ་བས། །ལག་པའི་མེ་ཏོག་ས་ལ་མངོན་པར་འདུད། །དཀར་ནག་དབྱངས་ཆར་ཤེལ་གྱི་མེ་ལོང་ངོས། །སྤང་བླང་གཟུགས་ཀྱི་བྱེ་བྲག་མ་འདྲེས་པར། །ཇི་བཞིན་འཆར་བར་སྟོན་ཚེ་ཤཱམྦྷ་ལའི། །རིགས་ལྡན་རྒྱལ་པོ་ལྗོངས་འདིར་འཕོས་པ་བཞིན། །དེ་ཕྱིར་ཁྱོད་ཀྱི་མཁྱེན་རབ་ནམ་མཁའི་ཀློང་། །ཤེས་བྱ་རིག་པའི་གནས་རྣམས་ཇི་སྙེད་པ། །མ་འདྲེས་གསལ་བར་སྣང་འདིས་རྒྱལ་བ་དང་། །ཐ་དད་ཡོད་མེད་བདག་ཡིད་ཐེ་ཚོམ་གྱུར། །མདོ་རྒྱུད་རྒྱ་མཚོའི་གནས་ལ་བྱང་ཆུབ་པས། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་བདེར་སོན་ཞིང་། །མཁས་པ་རྒྱ་མཚོའི་གཙུག་ན་ཞབས་བཀོད་པའི། །གྲུབ་པ་རྒྱ་མངམཚོའི་དབང་ཕྱུག་གཅིག་པུ་ངེས། །འཆད་དང་རྩོད་དང་རྩོམ་པའི་གནས་ཀུན་ལ། །འཇིགས་མེད་དབྱིགས་གཉེན་དང་མཚུངས་མཁས་མཆོག་དེ། །སོ་སོ་སྐྱེ་བོའི་ཚུལ་བཟུང་གང་ཁྱོད་ཉིད། །ཡང་དག་འཕགས་པའི་ས་ལ་མཛེས་པར་གནས། །གངས་ཅན་མཁས་མང་སྐྱེ་བོའི་སྒྲ་འཛིན་ལམ། །ཁྱེད་ཀྱི་གྲགས་པའི་ཞུན་ཆུ་ལྷུང་མ་ཐག །ཁེངས་པའི་རི་བོ་མིང་གི་མཐར་བྱས་ཤིང་། །ཐུབ་བསྟན་དབྱར་གྱི་བསྐྱེད་པའི་ཆབ་ལ་འགྲོན། །བདེར་གཤེགས་སྲས་དང་སློབ་མར་བཅས་པ་གང་། །དཔག་ཡས་ཡོན་ཏན་དུ་མས་བརྒྱན་པ་དག །ཀུན་ཀྱང་ཁྱོད་ལ་མངའ་དབང་གསོལ་བཞིན་པས། །སྙིགས་དུས་འགྲོ་བའི་འདྲེན་པར་ཡོངས་སུ་བསྔགས། །གསང་ཆེན་ཟབ་མོའི་བསྟན་པ་དྲི་མེད་པ། །བྱ་བ་བྱས་པ་མང་ཡང་ཁྱད་པར་ལམ། །རྡོ་རྗེ་སྙིང་པོའི་ངེས་གསང་སྒོ་འབྱེད་པ། །སྔོན་ཆད་ནམ་ཁྱོད་མཚུངས་ཡང་འབྱོན་པ་མེད། །དེ་ཡི་ཕྱིར་ན་ཨོ་རྒྱན་རྒྱལ་བའི་བསྟན། །བཀའ་གཏེར་ཆོས་ཀྱིས་སྐྱོང་བའི་བྱེད་པ་པོ། །མཉམ་པར་ཅི་ཞིག་ཕྱོགས་མཚུངས་མི་མངའ་བས། །སྐྱེས་མཆོག་ཁྱོད་འདྲ་སྲིད་པ་གསུམ་ན་དཀོན། །འཇིག་རྟེན་འཇིག་རྟེན་འདས་པའི་བདེ་བའི་གཞི། །རིག་པའི་རྣམ་པ་གང་ལ་ཞུགས་གྱུར་ཀྱང་། །མི་ཟད་རྒྱ་མཚོའི་འཇིངས་ལས་བླངས་པ་སྟེ། །བླུན་པོ་རང་རྩིས་ཅན་གྱིས་ཁེངས་པ་ཀུམ། །རྩོམ་པའི་ལེགས་བཤད་སྙན་ཚིག་འདབ་གཡོ་བས། །ལྗོངས་འདིའི་མཁས་མང་ཚོགས་ཀྱི་ཚང་གནས་སུ། །འཛུམ་མཛེས་གསེར་གྱི་པདྨོ་བཞད་པ་ཡིས། །ཕྲེང་བའི་དོ་ཤལ་ཇི་བཞིན་རབ་ཏུ་བརྗིད། །རྩོད་མེད་ཡོངས་ཀྱིས་སྤྱི་བོའི་མེ་ཏོག་གིས། །གང་གི་ཞབས་ལ་ལན་བརྒྱར་བཏུད་བྱས་པ། །དེ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྟེ། །ཐུབ་བསྟན་ཡོངས་ཀྱི་མཚན་བྱེད་སྲིད་དུ་གྱུར། །གང་གི་གྲགས་པ་སུས་ཀྱང་ལྡོག་མེད་པར། །འཇིག་རྟེན་གསུམ་པོ་ཡོངས་སུ་འགེངས་པའི་ཚེ། །རྣམ་འབྱེད་དཔྱོད་པའི་བཞིན་རས་མཚུངས་མེད་ཀུན། །རྗེས་སུ་འདུད་ལ་ངོམ་པ་མེད་པར་འགྱུར། །རྒྱལ་ཁྱོད་ཡོན་ཏན་ཁོ་ནའི་གོང་བུ་ལ། །མཛེས་པར་བསྔགས་ཞེས་བདག་བློར་དད་པས་བསྐུལ། །མི་ཤེས་རྨོངས་པའི་ནད་འདིས་མ་བཏབ་ན། །གཞན་དུ་ཉིན་མཚན་བར་མེད་དེ་ལ་སེམས། །གཞི་ལམ་འབྲས་བུའི་དོན་རྣམས་མཐར་ཕྱིན་པ། །ལུང་རིགས་མན་ངག་སྒོ་ནས་ཉེར་སྟོན་ཚེ། །རྟོགས་པ་མངོན་གྱུར་གདོད་མའི་ཀུན་བཟང་དང་།ཁྱད་པར་རྡུལ་ཆ་ཙམ་ཡང་དམིགས་སུ་མེད། །འཕགས་པའི་ཡུལ་གྱི་གྲུབ་བརྙེས་རྒྱ་མཚོ་དང་། །ཁ་བའི་ལྗོངས་འདིར་རྣམ་འདྲེན་མཆོག་ཉིད་དེ། །དེ་རྣམས་ཕྱི་རོལ་རྒོལ་བ་ཚར་གཅོད་ཅིང་། །གང་གི་ལྗོངས་འདིའི་ལྟ་ངན་ཐ་དག་འཇོམས། །གསང་ཆེན་ཤིང་རྟའི་སྲོལ་འབྱེད་ཀློང་ཆེན་པ། །མཆོག་གསང་ཐེག་པའི་ཡང་རྩེ་རྫོགས་པ་ཆེའི། །ཡང་དག་ལམ་སྟོན་རྡོ་རྗེ་འཛིན་གང་གིས། །ཞབས་ཀྱི་རྡུལ་ཕྲན་ཙམ་ལའང་སླར་ཡང་འདུད། །བདག་འདྲས་ཚེ་རབས་ཕྲེང་བར་བརྩམ་གྱུར་ཀྱང་། །ཡོན་ཏན་ཐ་དག་བརྗོད་པ་ལྟ་ཅི་ཞིག །བ་སྤུའི་ཁུང་གཅིག་ཙམ་ཡང་བསྔགས་ནུས་མིན། །དེ་ཕྱིར་གུས་པ་ཁོ་ནས་ལེགས་པ་བརྗོད། །ཇི་ལྟར་བསྔགས་པའི་ཡུལ་གྱིས་གང་བ་ཡི། །ཀུན་མཁྱེན་ཁྱོད་ལ་ཅུང་ཟད་བསྟོད་པ་འདིའི། །དགེ་དེས་མཁའ་མཉམ་འགྲོ་རྣམས་སྒྲིབ་སྦྱངས་ཏེ། །གདོད་མའི་ས་ལ་གཏན་སྲིད་ཟིན་གྱུར་ཅིག །  ཅེས་པའང་སྔ་འགྱུར་བསྟན་པ་རིན་པོ་ཆེའི་གཙུག་རྒྱན་ལས་མཁས་གྲུབ་བྱེ་བའིའཁོར་ལོས་བསྒྱུར་བ་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་མི་ཕྱེད་པའི་དད་པ་དང་ལྡན་ཞིང་གང་གི་རྗེས་སུ་འཇུག་པར་འདོད་པའི་བསམ་པས་ཀུན་ནས་བླངས་ཏེ་དཔལ་ཆོས་ཀྱི་རྡོ་རྗེས་རང་ལོ་བཅུ་བདུན་པའི་དུས་ཀུན་བཟང་འཁོར་ལོས་བསྟོད་པར་བྱས་ཤིང་སླར་ཡང་མེ་ཏོག་ཕྲེང་བ་ཞེས་བྱ་བ་འདི་ནི་རང་ལོ་ཉི་ཤུའི་གྲངས་སུ་སླེབ་པ་རབ་བྱུང་གི་གནམ་ལོ་སྟོན་དུས་འབྲས་བུ་སྨིན་པའི་ཚེས་བཟང་པོར་སྒྲུབ་ཁང་བདེ་བ་ཅན་གྱི་སྦུག་ཏུ་བྲིས་པ་དགེ་བར་གྱུར་ཅིག། །།

發表迴響

  1.  

    |