ཀཿ ཐོག་དམ་གཙང་བྱམས་གསུམ་གྱི་འཁྲུངས་རབ་རྣམ་ཐར་བཞུགས་སོ།།
噶陀寺三祖師爷 當巴德協、卻傑宗敦、降巴傰三尊生史專
མཛད་པ་པོ། མཁས་གྲུབ་ཀརྨ་ཆགས་མེད།
著者:克珠 噶瑪恰美
ན་མོ་གུ་རུ་པྲཛྙཱ་སེང་ཧ་ཡེ། སྔོན་ཚེ་བུ་མོ་བདུན་གྱི་དང་པོ་དེ།། འཕགས་པའི་གནས་བརྟན་བྷ་ར་དྷ་ཛར་གྱུར།། དེ་རྗེས་ཕལ་ཆེན་སྡེ་པའི་གནས་བརྟན་གཅིག། ཝཱ་རཱ་ཎ་སཱིར་ཆོས་ཀྱི་རྒྱལ་པོ་དང་།། ནེ་ཙོ་རིག་སྔགས་གྲུབ་པ་གྱུར་པའི་ཚེ།། དཀར་ནག་ཀླུ་གཉིས་འཁྲུག་ཚེ་དཀར་པོ་ཡི།། སྐྱབས་བྱས་འབྲུ་བཅུད་འཕེལ་ཞིང་བདེ་བར་བྱས།། རྒྱ་གར་མུ་སྟེགས་ཞི་བར་ཆེར་དར་ཚེ།། དང་པོ་དེ་སྦྱང་ཕྱིས་ནས་ནང་པར་ཞུགས། །མུ་སྟེགས་མཁས་པ་གཅིག་དང་ཡུན་རིང་བརྩད།། ཉིན་གཅིག་སློབ་དཔོན་མེད་ཤུལ་ཁོ་སླེབས་ནས།། སློབ་དཔོན་ཁྲི་སྟེང་འཇམ་དབྱངས་བཞུགས་མཐོང་བས།། ཁོ་དད་ནང་པའི་བསྟན་ལ་ཚུད་གྱུར་ཅིང་།།སྤྱོད་འཇུག་གསུངས་ནས་ཞི་བ་ལྷ་ཞེས་གྲགས།། རྨ་རིན་ཆེན་མཆོག་ཅེས་ལོ་ཙཱ་དང་།། བལ་པོ་བ་དན་ཏ་རུ་གྱུར་པའི་ཚེ།། མེ་ཉག་རྒུར་པོས་ཆེར་དད་བླ་མར་བཀུར།། རྒྱ་མཚོར་གཟིངས་པས་བརླབས་ཀྱིས་འདས་པ་ཡི།། སྐུ་གདུང་རྒྱལ་པོས་སྤྱན་དྲངས་མཆོད་པ་བྱེད།། དེ་ནས་ཕག་གྲུ་པ་དང་མ་སྤུན་འཁྲུངས།། ཤེས་རབ་སེང་གེ་སྤོབས་པ་མཐའ་ཡས་བཏགས།། འཛམ་སྟོན་འགྲོ་མགོན་ལ་སོགས་བླ་མར་བསྟེན།། ཕ་ཚང་ལ་གནས་འདྲེ་ཡི་གདོན་ཆེ་དུས།། ཕ་བོང་སྐུ་ཆོས་ཀྱིས་བཅིང་དམ་པས་དེད།། གཙང་སྟོན་པ་ལ་ཁྲིད་བཅོལ་རྒྱང་རིང་བསྐྱལ།། ཕ་བང་ཕྱག་ཕྲེང་རྗེས་སོགས་གསལ་བར་ཡོད།། ཡི་གེ་ཀ་འདྲེའི་ཐོག་ཏུ་བཀོད་པ་བཏགས།། འདུལ་ཁྲིམས་གཙོ་བོར་མཛད་པས་དགོན་པ་ཚང་།། སྤྱོད་འཇུག་ལ་སོགས་ཐེག་ཆེན་ལམ་གཞུང་བསྲང་།། མདོ་སྒྱུ་སེམས་གསུམ་བསྟན་ཆ་འདིར་གནས་ཤིང་།། སྔགས་དང་མཚན་ཉིད་མཐའ་དག་དགོན་དེར་དར།། ཡོན་ཏན་མཛད་པ་གཞན་ཕན་དཔག་མེད་པས།། དམ་པ་བདེ་གཤེགས་ཞེས་བྱར་ཡོངས་སུ་གྲགས།། འདུལ་བས་རྩོད་སྟོན་སྒོ་ནས་གསང་སྔགས་སྤེལ།། ཕྱི་མ་བདེ་བ་ཅན་དུ་བྱང་ཆུབ་སེམས།། བློ་གྲོས་སྙིང་པོར་འགྱུར་ཞིང་མ་འོངས་དུས།། བསྐལ་པ་ཀརྨ་བཀྲམ་པ་ལྟ་བུ་ལ།། ཚེ་དཔག་མེད་ཅེས་ཞེས་བྱར་སངས་རྒྱས་གསུངས།། རྒྱལ་བ་ཀཿ ཐོག་པ་ལ་ཕྱག་འཚལ་ལོ།། བདག་ཀྱང་ཁྱེད་ལྟར་སྔགས་དང་འདུལ་བ་གཉིས།། ཟུང་འཇུག་སྒོ་ནས་ཐུབ་བསྟན་རྒྱས་བྱེད་ཅིང་།། ཕྱི་མ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག། །།
ན་མོ་གུ་རུ་བཛྲ་དྷ་ཛ་ཡེ། སངས་རྒྱས་འོད་ཀྱི་རྒྱལ་པོའི་ཞིང་ཁམས་ཀྱི།། བྱངཆུབ་སེམས་དཔའ་འོད་ཀྱི་རྒྱལ་པོ་དེ།། འདབ་བ་ཡེ་ཤེས་མཆོག་ཅེས་ལོ་ཙཱར་གྱུར།། རྒྱ་གར་སློབ་དཔོན་ཕྱག་ན་རྡོ་རྗེ་ཞེས།། གཙང་དུ་འཁྲུངས་ཤིང་རྡོ་རྗེ་རྒྱལ་མཚན་བཏགས།། དམ་པ་བདེ་གཤེགས་དང་འཆད་དྲག་པོ་སྟེ།། ཕྱིས་ནས་དམ་པ་བདེ་གཤེགས་བླ་མར་བསྟེན།། བཀའ་སྲུང་བྲན་ཁོལ་ཟག་མེད་རྟགས་རྣམས་རྫོགས།། མི་བསྐྱོད་རྒྱལ་བའི་ཞིང་ཁམས་རྟོགས་གཟིགས་ཤིང་།། མི་བསྐྱོད་རྒྱལ་བ་བྱང་ཆུབ་ལུང་བསྟན་ཐོབ།། འགྲོ་མགོན་རས་པས་དག་སྣང་ལ་གཟིགས་ནས།། གཙང་ཆེན་པ་ལ་དམ་ཆོས་མང་དུ་གསན།། ཕྲིན་ལས་རྒྱ་ཆེར་རྒྱས་ཤིང་ཕྱི་མ་ནི།། བདེ་བ་ཅན་དུ་བྱང་སེམས་ནོར་བུའི་སྙིང་།། བསྐལ་པ་ཀརྨ་བཀྲམ་པ་ལྟ་བུ་ཡི།། དཀྱིལ་དུ་དམ་པ་བདེ་གཤེགས་འཚང་རྒྱ་བས།། དེ་ནས་བཅུ་ཡི་འོག་ཏུ་སངས་རྒྱ་སྟེ།། སངས་རྒྱས་འོད་ཟེར་རབ་ཏུ་འཕྲོ་བར་འགྱུར།། གཙང་སྟོན་རིན་པོ་ཆེ་ལ་གུས་ཕྱག་འཚལ།། བདག་ཀྱང་ཁྱོད་ལྟར་མདོ་སྔགས་བསྟན་འཛིན་ཅིང་།། བདེ་ཆེན་ཞིང་དུ་སྐྱེས་ནས་སངས་རྒྱ་ཤོག། །།
ན་མོ་གུ་རུ་མེ་ཏྲི་ལཀྵ་ཡེ། བྲམ་ཟེ་ས་ར་ཧ་ཡི་སློབ་མ་མཆོག། དྷ་ན་ཀཱིརྟི་ཞེས་བྱ་གྲུབ་པ་བརྙེས།། པཎྜི་ཏ་པ་ཀུན་གྱི་བླ་མར་གྱུར།། ཀཎྜ་རི་པས་རྗེས་སུ་བཟུང་བ་ཡི།། ཨ་ནནྟ་ཤྲཱི་ཞེས་བྱར་གྱུར་པའི་ཚེ།། རྒྱ་གར་རྡོ་རྗེ་གདན་གྱི་གནས་བརྟན་བྱས།། དེ་རྗེས་ནག་པོ་སྤྱོད་པ་ཆེན་པོར་གྱུར།། རྒྱ་གར་ལྷོ་ཕྱོགས་ཆོས་ཀྱི་རྒྱལ་པོ་ནི།། བྷི་བ་ལ་ར་ཛ་རུ་གྱུར་པའི་ཚེ།། གྲུབ་ཐོབ་བརྒྱད་ཅུ་ཕལ་ཆེར་མཆོད་གནས་སུ།། བཞུགས་ཤིང་ལོ་གྲངས་བརྒྱ་ཅུ་རྩ་བཞིར་མཆོད།། གཙུག་ལ་ཁང་ཆེན་བདུན་ནི་བཞེངས་སོགས་གྲགས།། སྐྱེ་བ་འདི་ནི་གཙང་ཆེན་བླ་མར་བསྟེན།། མཁས་དང་གྲུབ་པའི་གྲགས་པས་ཁྱབ་གྱུར་ཅིང་།། ཀརྨ་པཀིས་རབ་བྱུང་མཛད་པ་དང་།། རྫོགས་པ་ཆེན་པོའི་དབང་ལུང་ཐམས་ཅད་ཞུས།། གཞན་ཡང་ཕྲིན་ལས་ནམ་མཁར་མཉམ་གྱུར་ཅིང་།། ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེ་ཞིང་།། སླར་ཡང་དཔལ་ལྡན་འབྲས་སྤུངས་དེ་ཉིད་དུ།། ཀ་མ་ལ་ཤི་ཞེས་བྱར་འགྱུར་བར་གཟིགས།། མི་ཏྲ་ཛོ་ཀིས་སོ་མ་ཛོ་ཀི་ལ།། བོད་དུ་ཀཿ ཐོག་བྱ་བར་སློབ་དཔོན་ནི།། ཤནྟ་དེ་ཞི་བཛྲ་པཱ་ཎི་གཉིས།། བོད་དུ་སྐྱེ་བ་བཟུང་བའི་གདན་ས་ན།། ཀ་ཧ་ནན་ཆེན་ཡོད་པས་དེ་ལ་ནི།། ཕྱག་གིས་ཀཾ་པོ་གནས་དང་འཇང་ཡུལ་སོགས། །ཞེས་གསུངས་ལུང་བསྟན་འོང་ནས་མཇལ་བར་གྱུར། །གཞན་ཡང་སློབ་མ་བསོད་ནམས་འབུམ་ཞེས་པ། ། ཙ་ཏི་སྤྱན་སྔ་མར་ཕུ་བ་ཞེས་གྲགས། ། པཀྴི་ཆོས་འཕགས་གཉིས་ཀའི་བླ་མར་གྱུར། ། དེ་སོགས་སློབ་མ་མཁས་གྲུབ་མང་དུ་བྱོན། ། དེ་ལྟར་གསང་སྔགས་རྙིང་མའི་བསྟན་པ་འཛིན། ། རྒྱལ་བ་ཀཿ ཐོག་པ་ལ་ཕྱག་འཚལ་ལོ། ། ཞེས་པ་ངོ་མཚར་དད་ལྡན་ཙམ་གཅིག་ཏུ། ། རཱ་གའི་མིང་ཅན་དེ་ཡིས་བྲིས་པའོ། ། མངྒ་ལཾ།། །།
|