五月
16

སྐབས་དྲུག་པ། སྔ་འགྱུར་རྙིང་མའི་ཆོས་སྡེ་ད་བཞུགས་གཙོ་བོ་རྣམས་དང་གདན་རབས་བརྗོད་པ།

Posted by kathog on 五月 16th, 2026 at 2:19 下午

སྐབས་དྲུག་པ། སྔ་འགྱུར་རྙིང་མའི་ཆོས་སྡེ་ད་བཞུགས་གཙོ་བོ་རྣམས་དང་གདན་རབས་བརྗོད་པ།

ཀཿཐོག་མཁན་ཆེན་ཐུབ་བསྟན་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་གྱིས་བརྩོམས།

གཅིག   དབུས་གཙང་གི་ཕྱོགས།

སྔ་འགྱུར་རྙིང་མའི་ཆོས་སྡེ་ད་བཞུགས་གཙོ་བོ་རྣམས་ཀྱི་གདན་རབས་བརྗོད་པ་ལ།

དེ་ལ་འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་གཟིགས་པ་ལྷག་པར་འཇུག་པའི་གནས། སའི་ཆ་གློང་པོ་ཆེའི་སྤྱི་གཙུག་ལྟར་མཐོ་བའི་ཕྱོགས་ཐམས་ཅད་ཁ་བའི་རྡུལ་བརྩེགས་ཀྱིས་བསྐོར་བའི་སྨན་ལྗོངས་འདིར་མཁས་པ་དང་གྲུབ་པའི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་རིང་ལུགས་འཛིན་པའང་དེ་སྙེད་ཅིག་མཆིས་པ་ལས། འདིར་གསང་སྔགས་སྔ་འགྱུར་བའི་ཆོས་སྡེར་གཏོགས་པ་རྣམས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པ་ལ། སྤྱིར་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པས། སྟོད་མངའ་རིས་ནས་སྨད་རྒྱ་མཚོ་ལ་ཐུག་གི་བར་དང་། ལྷོ་མོན་ནས་སོག་ཡུལ་ཚུན་ཆོད་ཀྱི་དགོན་སྡེ་ཆེ་ཕྲ་ཇི་སྙེད་ཅིག་གིས་མ་ཁྱབ་པ་མེད་པ་ལྟ་བུར་སྣང་ནའང་། མཐའ་དག་བརྗོད་པ་ག་ལ་སྤོབས། འོན་ཀྱང་སྔ་འགྱུར་གྱི་བསྟན་པའི་གཞི་རྩ་ལྟ་བུའི་གདན་ས་རྣམས་སུ་བཤད་སྒྲུབ་ལས་གསུམ་གྱིས་ཕྱག་རྗེས་ཆེ་བའི་གདན་རབས་རྣམས་ཀྱི་ལོ་རྒྱུས་ཅུང་ཙམ་སྨོས་ན།

ཐོག་མར་དབུས་གཙང་ཕྱོགས་ལ་རྙིང་མ་བཀའ་མའི་རིང་ལུགས་འཛིན་པ་སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ་གྲགས་པའི་ཟུར་པ་མེས་དབོན་རྣམས་ཀྱི་གདན་ས་འུག་པ་ལུང་དང་། གསང་སྔགས་ཆོས་གླིང་སོགས་ལ་སྔར་དར་རྒྱས་ཆེ་ཡང་དེང་སང་བཤད་སྒྲུབ་ཀྱི་སྡེ་ཆེར་མི་བཞུགས། གཏེར་མའི་ཕྱོགས་ལ། མངའ་བདག་ཉང་གི་གདན་ས་ལྷོ་བྲག་སྨྲ་བོ་ཅོག་དང་། གུ་རུ་ཆོས་དབང་གི་གདན་ས་ལ་ཡག་གུ་རུ་ལྷ་ཁང་སོགས་ལ་སྲས་དང་སློབ་བརྒྱུད་རྣམས་ཀྱིས་རིམ་པར་བསྐྱོངས་པ་དང་གཏེར་ཆེན་རཏྣ་གླིང་པའི་ལྷོ་མདོ་མཁར་ལྷུན་གྲུབ་ཕོ་བྲང་དང་། པདྨ་གླིང་པའི་གདན་ས་མོན་བུམ་ཐང་དང་ལྷོ་བྲག་ལྷ་ལུང་སོགས་ཀྱི་གདན་ས་སྐྱོང་བ་ལ་གཏེར་ཆེན་པད་གླིང་སྤྲུལ་སྐུ་གསུང་སྤྲུལ་དང་། ཐུགས་སྲས་རིམ་བྱོན་སོགས་ཀྱི་ལོ་རྒྱུས་རྣམས་མང་ཆེས་པས་གཞན་དུ་ཤེས་པའི་དབང་དུ་བྱས །། །།

དབུས་ཕྱོགས་སུ་རྙིང་མའི་དགོན་སྡེ་སྔ་ཤོས་ཡར་ཀླུང་འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་ནི། འཕྲེང་པ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་གདན་ས་ཡིན། བདག་ཉིད་ཆེན་པོ་འདི་ནི་ཐོག་མར་སྐུ་གལྟམས་པའི་དུས་འཇའ་ཟུག་པ་དང་དྲི་ཞིམ་པའི་ངད་པ་བྱུང་ཞིང་། བཅོས་མིན་གྱི་ངེས་འབྱུང་དང་། དག་སྣང་དང་ཤེས་རབ་ཀྱིས་ཕྱུག འཇམ་དཔལ་དབྱངས་སོགས་ཀྱིས་ཞལ་བསྟན། གཡག་སྡེ་པཎ་ཆེན་གྱི་བག་ཆགས་སུ་ངོས་འཛིན། རིན་ཆེན་ཕུན་ཚོགས་ཞལ་ནས་ཁྱོད་ཀྱི་སྙིང་གར་ཨ་ཞིག་ཡོད་པ་ད་ལྟ་སྟོན་མ་རན་ཞེས་ཕྱག་འཛུབ་བཙུགས་པས་བརྗོད་མེད་ཀྱི་ཉམས་ཤར། དགུང་ལོ་བརྒྱད་ནས་དགེ་བསྙེན་དང་པཎ་ཆེན་རྡོར་རྒྱལ་ལས་རབ་ཏུ་བྱུང་། ཀློག་པ་ཐོས་བསམ་གྱི་གྲྭར་ཞུགས་ནས་སྦྱངས་པ་མཐར་སོན། སྐྱེས་ཆེན་མང་པོ་བསྟེན་ནས་མདོ་སྔགས་རྒྱ་མཚོའི་ཕ་རོལ་དུ་བརྒལ། འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཀྱི་ཞབས་ལ་གཏུགས་ཏེ་བཀའ་རྙིང་གཉིས་ཀྱི་ཟབ་མོའི་གདམས་པ་མ་ལུས་པ་ཐུགས་སུ་ཆུད། མདོ་སྔགས་རིས་མེད་ཀྱི་ཆོས་འཁོར་བསྐོར་ཞིང་འཆད་རྩོད་རྩོམ་པའི་རླབས་ཆེན་གྱི་ཕྲིན་ལས་སུས་ཀྱང་འགྲན་པར་དཀའ་ཞིང་བདེན་གཉིས་གསལ་སྒྲོན་སོགས་ཀྱི་གསུང་རབ་ཚིག་དོན་ཕུན་སུམ་ཚོགས་པ་མང་པོ་མཛད། ཞབས་དྲུང་ཧོར་བསོད་ནམས་དར་རྒྱས་ཀྱིས་འཕྱོང་རྒྱས་སུ་སྤྱན་དྲངས། གྲོལ་ཏིག་དགོངས་པ་རང་གྲོལ་སོགས་ཀྱི་སྨིན་གྲོལ་ཟབ་མོས་རྗེས་སུ་འཛིན། མཐར་ཤནྟ་པུ་རིའི་ཞིང་ཁམས་དང་དཔའ་བོ་ཐོད་པའི་དུམ་བུ་འཁོར་ཚོགས་དང་བཅས་པ་གཟིགས། མ་འོང་པར་དེའི་ཐུགས་ཀར་ཐིམ་པའི་ལུང་ཐོབ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་ཀརྨ་པ་དབང་ཕྱུགས་རྡོ་རྗེ། འབྲུག་པ་པདྨ་དཀར་པོ་སོགས་དང་ཕན་ཚུན་མཇལ་ཕྲད་དང་གདམས་ངག་འབུལ་རེས་གནང་།

དགོངས་པ་མཁའ་ལྟར་མཐོ་ཞིང་གཞན་རྒྱུད་ཀྱི་བསམ་པ་མཁྱེན་པས་འབྱུང་འགྱུར་གྱི་ལུང་སྟོན། མངོན་སྤྱོད་ཀྱི་ལས་གདེང་དུ་གྱུར་ཏེ་དམ་སྲིའི་གནོད་པ་རྒྱ་བུར་བརྫུས་པའི་རྣམ་ཤེས་སྤར། འཕྱོང་རྒྱས་སྐུ་དགོན་སྡེ་གསར་འཛུགས་ནན་ཞུས་ཀྱང་ཞལ་གྱིས་མ་བཞེས། ལྷ་སྲས་བསོད་ནམས་སྟོབས་རྒྱལ་གྱིས་ཡབ་ཀྱི་དགོངས་རྫོགས་ཀྱི་སླད་དུ་འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་གི་དགོན་པ་གསར་ཏུ་བཏབ། གཙུག་ལག་ཁང་དང་མཆོད་གཞིས་ཐམས་ཅད་ཞབས་དྲུང་འཕྱོང་རྒྱས་རང་གིས་སྦྱར། སྡིག་སྟེང་ངག་དབང་འོད་ཟེར་མཁན་པོར་བསྐོས། དམ་ཆོས་འདུལ་བ་བཞིན་བཅའ་ཁྲིམས་དང་གཞི་གསུམ་ཕྱག་བཞེས་གཙང་དག་བསྟར། གྲུབ་མཐའི་གཞུང་རྒྱལ་བ་ཀློང་ཆེན་པའི་ཤིང་རྟ་ཆེན་པོ་དང་། ཉམས་ལེན་སྔ་འགྱུར་བཀའ་གཏེར་སྤྱི་དང་གྲོལ་ཏིག་སོགས་ཀྱི་གཞུང་སྲོལ་འཁོར་ལོ་གསུམ་ལ་ལྷུར་བྱེད་པའི་དགེ་འདུན་གྱི་སྡེ་ལ་འཚོ་བ་བླ་ནས་སྦྱོར་བ་དང་སྨིན་གྲོལ་ལམ་གྱི་ཆ་ལག་ཚེས་བཅུ་ཆེན་མོའི་ཕྱག་བཞེས་དང་དེ་དག་གི་སྤྱད་ཆས་སོགས་ཀྱི་རྒྱུན་འཛུགས། མཐའ་རྗེས་འཇུག་རྣམས་ལ་ཞལ་ཆེམས་དང་བཅས་དཔལ་ཤནྟ་ལའི་གྲོང་ཁྱེར་ཤནྟ་པུ་རིའི་གྲོང་དུ་ངོ་མཚར་བའི་ལྟས་དང་བཅས་གཤེས་སོ། །

དེའི་རྗེས་སུ་རྒྱལ་སྲས་ཀརྨ་ཀུན་བཟང་། མཚོ་རྒྱལ་སྤྲུལ་སྐུ་རིག་འཛིན་ཕྲིན་ལས་རྣམ་རྒྱལ། ངག་དབང་ཀུན་དགའ་པདྨ། ངག་དབང་བློ་བཟང་པདྨ། པདྨ་ཆོས་འབྱོར་རྒྱ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མ་རྣམས་བྱོན་ནས་བཤད་སྒྲུབ་ཀྱི་རྒྱུན་མི་ཉམས་པར་བསྐྱངས། ཀུན་ཆེན་རིག་འཛིན་འཇིག་མེད་གླིང་པའང་ཐོག་མར་ཆོས་སྡེ་འདིར་བཞུགས་ནས་རྗེས་སུ་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་བཏབ་ནས་གདན་ས་གཙོ་བོར་དེར་མཛད་བ་ལགས་སོ།། །།

 

發表迴響

  1.  

    |